དམར་སྨུག་གི་མདོག གྲྭ་སའི་ཟིན་ཐོ། ལེའུ་གཉིས་པ།

དམར་སྨུག་གི་མདོག  གྲྭ་སའི་ཟིན་ཐོ།  ལེའུ་གཉིས་པ།

                ༠

ཐར་བར་བགྲོད་བྱེད་ཀྱི་གཤོག་པ་ལྟ་བུའི

དཔེ་ཆ་མཐུག་པོ་འགའ་མདུན་ལ་སྤུངས་ཏེ

གཟུགས་ནས་རྣམ་མཁྱེན་གྱི་དབར་དང

རྣམ་མཁྱེན་ནས་གཟུགས་དབར་གྱི་དོན་དམ་པའི་སྟོང་ཉིད་རེ་རེ

མིག་འབྲས་ཀྱིས་འདེད་དུས

མདུན་དུ་བཀལ་བའི་ཆུ་ཚོད་ཆེན་པོ་དེས་ཀྱང

ང་ལ་རྟག་ཏུ་མི་རྟག་པ་མཚོན་བྱེད་ཀྱི་ཆོས་སྐད་རེ་རེ་སྨྲ་གིན་འདུག

                     ༠༠

རྣམ་ཤེས་ཀྱི་རྒྱུན་དེ་རིག་པའི་རྩེ་མོར་བཞག་སྟེ

སྲིད་རྩེ་ལས་མཐོ་བའི་དག་ཞིང་དང

འདོད་ཁམས་ཀྱི་ཁོང་གསེང་ཀུན་ན་ཡང་ཡང་འདེད་སྐབས

རང་ཉིད་དང་རང་ཉིད་ཀྱིས་མཚོན་པའི་སྐྱེས་འགྲོ་དག་ནི

ཟོལ་ཆུའི་གཡོ་བ་ལྟར

ཟག་བཅས་ཀྱི་ཕུང་པོ་འདི་ལ་ཡང་ནས་ཡང་དུ་འཁོར་གྱིན

འདི་ནས་ཐུར་དུ་དཔྱངས་པའི་ལམ་བུ་དེ་དམྱལ་ལམ་ཡིན་ན

འདི་ནས་དགུང་ལ་ཟུག་པའི་འཇའ་རིས་དེ

འོད་གསལ་གྱི་བདེ་ལམ་ལོས་ཡིན

དཀར་ནག་གི་རང་ལམ་ཕྲ་མོ་དེ་ཡང་ཡང་བསམ་དུས

འཆི་བ་ལ་ཞེད་ནས་ལུས་པོ་ཡོངས་རྫོགས་འདར་གྱིན་འདུག

                   ༠༠༠

ལྷིང་འཇགས་དབྱིངས་ལ་ནུབ་གྱིན་པའི་མཚན་མོ་དེར

འདབ་ཆགས་དང་རི་སྤྱང་གི་ཚོགས་རྣམས་གཉིད་ལ་ཡུར་ཞིང

དུག་སྦྲང་གཅིག་ཁོ་ནས་བདག་གི་ཏིང་འཛིན་གྱི་རྒྱ་སྒོ་རྡུང་འོང

དབེན་ཐིང་ཐིང་དེར་སྣང་དོགས་གང་ཡང་མེད་པར

དུག་སྦྲང་དེ་དམར་གསོད་བཏང་ནའང

ཡུན་ཙམ་ལས་མ་འགྱངས་པར

སེམས་བྱུང་རྣོ་དབལ་ཞིག་གིས

བདག་ལ་རྔམ་ཞེད་ཆེ་བའི་ཁྲག་དམར་ཁྱོར་བ་གང་སྦྱིན་བྱུང

དེ་ནི     སུ་ཞིག་གི་གཅེས་ལུས་ལས་བཅུས་པའི་ཟུངས་ཁྲག་ཡིན་ནམ

                     ༠༠༠༠

མེ་ལོང་ཆེན་པོ་དེའི་མདུན་ན་ལངས་ཏེ

རང་གི་བྱད་བཞིན་ལ་མཉམ་འཇོག་ཡང་ཡང་བྱེད་དུས

ཞེ་མུག་པའི་ངོ་གདོང་སྐྱ་བོ་ཞིག་རྟག་པར

རང་གི་རྒྱབ་ལོག་ན་འཆར་ཡོང་གིན་གདའ

ཆགས་སྡང་མུག་གསུམ་གྱི་རྣམ་པ་གང་འདྲ་ཡོང་གིན་ཡོད་ནའང

དེས་ཀྱང     ཞྭ་མོ་གནམ་ལ་ཀེར་ནས་ལད་ཟློས་སྣ་ཚོགས་བྱེད་ཀྱིན་འདུག་པས

ད་ནི   མེ་ལོང་དང་དེའི་རིགས་སུ་གཏོགས་པའི་པར་ཆས་སོགས་ལ

ཡིད་སུན་ནས་རང་གིས་རང་ལ་ཞེ་སྡང་སྐྱེ་བའི་མགོ་བརྩམས་སོ

                    ༠༠༠༠༠

ཆོས་རའི་ནང་དུ་སུས་ཀྱང་དང་ལེན་མི་བྱེད་པའི

དམ་བཅའ་སྲ་མོ་རེ་བཅངས་ཏེ

ལུང་རིགས་ཀྱིས་རྫི་བ་མི་འདོད་ཅིང

ཐ་སྙད་ཀྱི་གཅོད་མཚམས་མི་འཛིན་པར

སྐད་ཆ་དང་དེའི་ཁོག་ནས་ཕྱུང་བའི་དོན་དག་རེ་ཟུང

ཅི་ཙམ་གྱིས་དམ་དུ་གཏོང་བ་དེ་ནི

ཉོན་མོངས་དང་སྤང་བྱའི་རིགས་ཀྱི་སྒོ་བསྡམས་པ་ཞིག་ལ་བརྩི་དགོས་པ་ཨེ་ཡིན

                 ༠༠༠༠༠༠

སངས་རྒྱས་ཀྱིས་གནང་བའི་ཆོས་གོས་སེར་པོ་དེ་བསྣམས་ཏེ

ཁྱེད་ཀྱིས་ཡོ་རོབ་གླིང་ནས་སྡིགས་འཛུམ་འདི་ཕྱོགས་སུ་འཕང་དུས

བདག་གིས་ཁྱེད་ཀྱི་དྲུང་ནས་མགོ་བོ་སྒུར་སྒུར་གྱིས

སྐྱབས་སུ་འཆི་ཞེས་པའི་ཕོར་བ་དེ་གཟེད་དགོས་པ་ཨེ་ཡིན

ཡང་ན       ལྕང་ལོ་དམར་སེར་ཡིན་པའི་ཞབས་ཞུ་མ་དེའང

རྗེ་བཙུན་སྒྲོལ་མའི་ཡང་སྤྲུལ་གྱི་མཁའ་འགྲོ་མ་ཞིག་ལ་བརྩི་དགོས་པ་ཡིན་ནམ

ང་ཚོ་ནི་ཆོས་ར་ནི་སློང་མོ་བ་ཡིན་ལ

སློང་ཟས་དེས་སངས་རྒྱས་ལ་མཆོད་པ་འབུལ་གྱིན་ཡོད

              ༠༠༠༠༠༠༠

གྲྭ་རྐྱང་ཞིག་བུད་སོང

རྐང་སྣམ་ལྷུག་ལྷུག་ཅིག་གོན་ནས

སོར་གང་ལས་མ་འདས་པའི་སྐྲ་ལོ་བྱིལ་བྱིལ་གཏོང་ཁུལ་གྱིས

ཐ་མག་གཅིག་གི་སྣེ་ནས་རྔམ་བྱུང

མིག་ཆུ་ཐུར་རུ་རུ་བཞུར་བ་དེ་ནི་ཐ་མག་རྔམ་སྟངས་ཀྱི་ཡིན་པ་བཤད་ནའང

མིག་ཆུའི་ཁ་མདོག་ནས་སྐྱོ་སྣང་གི་རི་མོ་ཞིག་གསལ་ལེར་མངོན་བྱུང

          ༠༠༠༠༠༠༠༠

ཕྱོགས་གཞན་ཞིག་ནས

ངེད་གཉིས་ནི་འཇིགས་ཡེར་བ་ཞིག་རེད

བདག་གིས་ཁྲོ་ཆུ་འཁོལ་མ་ལྷོག་ལྷོག་གདུ་བ་དེ་འཐུང་གིན་ཡོད་ལ

ཁྱེད་ཀྱིས་མེ་སྟག་ཆེམ་ཆེམ་གྱི་ལྕགས་རིལ་དམར་པོ་དེ་མིད་ཀྱིན་འདུག

གདོང་ལ་སེར་ག་གས་པ་ཙམ་གྱིས

དེ་ནི་འཆི་བའི་སྔ་བལྟས་ལ་འཁྲུལ་ནས་སྔངས་ཀྱིན་ཡོད་ནའང

སྐྱི་གཡའ་བའི་རྟགས་མཚན་གང་ཡང་མེད་དུས

མུ་མཐུད་དེ     ཤིང་གྲུ་ལ་བརྟེན་ནས

རྒྱ་མཚོའི་ཕ་རོལ་དུ་བརྒལ་འདོད་ཀྱི་ཧམ་སེམས་སྐྱེས

             ༠༠༠༠༠༠༠༠༠༠

གདོང་ལ་ཁབ་སྣ་ཚོགས་ཤིག་བཙུགས་ཏེ

དེའི་སྣེ་མོར་གློག་བཀལ་བའི་སྣང་ཚུལ་དེ་ནི

མིའི་རྙིང་གོག་ཏུ་གྱུར་ཟིན་པའི་འཕྲུལ་ཆས་ཤིག

སླར་གསོ་བྱེད་པ་དང་གཅིག་མཚུངས་སུ་སྣང་འོང

དེ་རིང     བདག་གི་འཚོ་བའི་ཁུག་སོ་ནས་གློ་བུར་དུ

སྔངས་ཞེད་ཀྱི་གཟའ་གྲིབ་འདི་གློག་ལྟར་འཁྱུག་དུས

མོ་གྲ་གོག་པོ་ཞིག་དང་འདྲ་བ

དུ་བ་གཏོང་ཙམ་གཏོང་ཙམ་ལས

མདུན་ན་གཏན་ནས་འགྲོ་ཐུབ་ཀྱིན་མི་འདུག

               ༠༠༠༠༠༠༠༠༠

ས་བཅུར་བགྲོད་པའི་ལྕགས་ཤོག་གི་འབབ་ཚུགས་དེར

ཉེན་སྲུང་བས་ཁྱེད་ཀྱི་ཨམ་ཕྲག་སྔོག་དུས

ཁྱེད་ཀྱི་སྡང་ཟུག་གིས་མིག་ལོག་བལྟས་ཚུལ་ཙམ་གྱིས

ཁྱེད་ལ་བར་སྣང་འཕུར་བྱེད་ཀྱི་སྤ་སེ་དངོས་མ་ཞིག་མེད་པ་ཤེས་འདུག

ཁྱེད་ཀྱི་ཟོལ་རྫུན་གྱི་གུས་ལུགས་དེའང

གཞན་ལ་ཡིད་བརྟན་འཕེལ་བ་ཞིག་ལར་ནས་མ་རེད

                   ༠༠༠༠༠༠༠༠

སྨྲེང་སྐྱོ་འདྲེས་མ་ལོ་ངོ་ག་ཚོད་ཕྱིན་སོང་བ་དེར

ཕྱིར་འདང་རེ་བརྒྱབ་ན

ཡ་ང་ཞིང་ཡིད་སྐྱོ་བའི་ས་མཐའི་ཁེར་རྐྱང་གི་གདུང་བ་དེ་ནི

འཁྲབ་ཚན་ཞིག་དང་མཚུངས་པར་གཏམ་རྒྱུད་སྐྱུར་མོ་ཞིག་ཡིན་ལ

དེའི་ཚུར་རོལ་དང་ཕ་རོལ་ན

ལག་པའི་མཐིང་ནས་ངོམ་རུང་གི་འབྲས་བུ་གཡུར་ཟ་བ་ཞིག་མེད་སོང

དུས་ཡུན་ཅི་ཙམ་སོང་བ་དེ་ནི

འཆི་བ་ལ་ཉེ་རུ་འགྲོ་བ་ལས

ང་ལ་ཆ་མཚོན་ན    དེ་ནི

གོ་རིམ་ལྡན་པའི་མ་འོངས་པ་བསུ་སྟངས་ཞིག་ཡེ་ནས་མ་རེད

      ༠༠༠༠༠༠༠༠

འདི་ནི    མཐའ་ཡས་པའི་གནམ་གྱི་ཞེང་ཁ་ཡིན

འདི་ནི     མཐའ་ཡས་པའི་ཁྱེད་ཀྱི་བྲང་གཞུང་ཡིན

ལོ་རྒྱུས་ཀྱི་གཡུ་རལ་གཟེངས་ཤིང

ཕར་རྒོལ་གྱི་རྡོག་པ་གནམ་ལ་བརྡབ་པའི་གྲྭ་སའི་ཆོས་ར་མཐོང་ན

མི་ཚེའི་དགོད་སྒྲ་ཅི་ཙམ་སྒྲོག་པ་དེ་ནི

དྭངས་གཙང་གི་སྤྲིན་པར་བཟུང་ནས

གཡའ་དག་པའི་གནམ་གྱི་མཐིང་ལ་རི་མོ་འབྲི་བ་དང་སྤྲོ་བ་མཉམ་མོ

 

                 ༠༠༠༠༠༠༠

མཚམས་རེར་དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་བ་ཞིག་གིས

འཇིག་རྟེན་གྱི་རླུང་ཡོར་ལྟ་བུའི་འཚོ་བ་འདི་ལ་ཡིད་སུན་དུ་འཇུག་གིན

སྙིང་པོ་ལེན་ཐབས་བྲལ་བའི་ཚོར་བ་འདིས་ནི

གཡོ་ལ་ཚུད་པའི་ཁྲམ་པ་ཞིག་དང་འདྲ་བར

མིག་གི་ལྟད་མོར་གྱུར་བའི་ཡུལ་ལུང་གི་མཛེས་ལྗོངས

རྣ་བའི་སིལ་སྙན་དུ་གྱུར་བའི་ཚིག་འཇམ་གྱི་སྐད་ཆ

སྣ་ཡི་གདུག་སྤོས་སུ་གྱུར་བའི་དྲི་བཟང་གི་བྱུགས་པ

ལྕེ་ཡི་བདུད་རྩིར་གྱུར་བའི་ཞིམ་མངར་གྱི་རོ་བཅུད

ལུས་ཀྱི་བདེ་ཟུག་ལ་འབྱར་བའི་དྲོད་འཇམ་གྱི་དར་གོས

མདོར་ན    འདོད་ཡོན་གྱི་མཆོད་པ་ཡོད་དོ་ཅོག་ལ

ཞེ་མུག་གིས་སྐྱོ་ཉམས་ངོམ་གྱིན་འདུག

              ༠༠༠༠༠༠

དཀའ་སྡུག་གི་དྲ་གཟེབ་ཏུ་དབང་མེད་ངང་ཚུད་སྐབས

ངེས་འབྱུང་ཡིན་ངེས་པའི་སྐྱོ་སྣང་བཅོས་མིན་ཞིག་ཡོང་ནས

ཅི་འདོད་གང་འདོད་ཀྱིས་རང་གི་ཡན་ལག་རྣམས་ཕྱོགས་བཞིར་བགྲད་སྐབས

འོག་གི་སོར་ཚད་ཀྱི་ཐལ་བ་སྤར་མོ་གང་ལའང

བརྩེ་དུང་གི་འདུ་ཤེས་ཞིག་ཡོང་ནས

ད་ནི    བདེན་ལུགས་སྒྲུབ་བྱེད་ཀྱི་ཕྲེང་བ་རི་མོ་དེ་ཕར་ལ་བསྐྱུར་ཏེ

ལག་ཟུང་གིས་སྙིང་ཆུང་གནོན་ནས

ཞིབ་ཚགས་ཀྱིས་བསམ་བློའི་རོ་སྒམ་སྔོག་དུས

གནམ་སྔོན་པོའི་མཐིལ་གྱི་འཇིག་རྟེན་གྱི་ལྷ

ཁྱེད་ཀྱིས་ང་ལ་ཀུ་རེ་ཡིས་ཐལ་མོ་མ་བརྡབ་དང

          ༠༠༠༠༠

དུས་ཚོད་ཀྱི་གོམ་ཁ་ཡུན་གྱིས་ཡུན་གྱིས

རྨི་ལམ་དང་ལྷན་དུ་མུ་མཐུད་དེ་བཞུད་སོང

ཅི་ཞིག་ལ་རེ་སྒུག་གི་མིག་ཟུང་ལྷེབ་ལྷེབ་གཡོ་བའི་ང་ནི

ཁྱེད་ཀྱི་གཞུང་ལུགས་ནས་རྙེད་པའི

མི་ཁོམ་པའི་འཇིག་རྟེན་གནས་ཀྱི་བདག་པོ་ཡིན་ལ

ཚུགས་ཐབས་མེད་པའི་འདུ་ཤེས་འདི་དག

བརྟན་བརླིང་བྲལ་བའི་དབྱར་གྱི་ཆར་སྤྲིན་ལ་འཁྲིགས་ཤིང

ངེས་བརྟན་མིན་པའི་མི་ཚེའི་གོམ་ཁ་ཡང

ལས་དབང་དང་སྟེས་དབང་ཁོ་ན་ལ་བསྟིམས་ནས་ཡོད

              ༠༠༠༠

མཛའ་འབྲེལ་གྱིས་མཐུད་པའི་ཉེར་འཁོར་བ་དག

ཁྱེད་ཀྱི་སྤྲིན་དཀར་ལ་བསྙེས་བའི་བརྩེ་སེམས་ཀྱི་ཁ་དོག་ལྗང་སེར

མེ་ཏོག་གི་ཟེའུ་འབྲུ་ལ་སྤྲུལ་ནས

བདག་གི་ཡིད་སེམས་འགུག་གིན་ཡོད་ནའང

གྲྭ་སའི་དམར་སྨུག་གི་ཁ་དོག་གླན་གྱིན་གླན་གྱིན

སེམས་ཀྱི་ཟབ་སར་འཁྱིལ་བ་དག་ནི

མེ་ཏོག་མིན་པར་མེ་ཏོག་གི་མཛེས་སྡུག་ཆགས་པའི་གཞུང་རྟ་དེའོ

             ༠༠༠

ངའི་མཐོང་ཚུལ་ཞིག་ལ

རི་རབ་འགུལ་གྱིན་ཡོད་ཅིང

དེའི་རྩེ་མོར་ཆགས་པའི་གྲོང་ཁྱེར་དག་ཀྱང

འུར་འུར་ཆོམ་ཆོམ་གྱིས་འདར་གྱིན་ཡོད

ཐ་ན་ང་རང་ཡང་དབང་མེད་དུ་འགུལ་ནས་ཡོད

གཡོ་འཕྲུལ་གྱི་རྩེད་ར་འདི་དང་བཤིབས་ཀྱིན་བཤིབས་ཀྱིན

བྱིས་དུས་ཀྱི་གཡོ་ཟོལ་མེད་པའི་འཚོ་བ་ལྷག་པ་དྲན་ཞིང

ཆགས་སྡང་མུག་གསུམ་གྱིས་མདུན་དུ་བསྐྱོད་ཀྱིན་བསྐྱོད་ཀྱིན

ཡིད་འོང་གི་བསམ་བློའི་དྭངས་གཙང་དེ་བསམ་ནས་འོང

                   ༠༠

བདག་གི་ཚོར་བ་ལ

ཚིགས་བཅད་བཞིན་དུ་བཅད་མཚམས་དང

ཚིག་ལྷུག་ལྟར་གྱི་གོ་རིམ་གང་ཡང་མེད་པས

རྒྱ་ཡན་གྱི་འཆར་སྒོ་དག་ནི

ཕྱོགས་ཕྱོགས་ནས་འཁྱེར་ཡོང་བའི་ཡི་གེ་རེ་རེ་དང་བསྲེས་ནས་གྲུབ་ཡོད

གལ་ཏེ       ཁྱེད་ཀྱིས་སྐྱེས་བུ་དམ་པའི་བཀའ་བམ་ལ་འཁྲུལ་ནས

ང་ལ་དངོས་གྲུབ་འཇོ་བའི་སྟོང་བསམ་འདྲ་བཅངས་ཡོད་ན

བདག་གིས་གསལ་བཤད་ཞུ་རྒྱུར

ང་ནི         རང་སེམས་གནོན་བྱེད་ཀྱི

ཡིག་འབྲུ་འགའ་ལ་འཐམ་པའི་འཆར་ཡན་པ་ཞིག་ཡིན

                  ༠

ངས་རང་གི་བརྩེ་སེམས་ཀྱི་ལྟོ་ཁྲག་འཐོར་བའི་ཕ་ཡུལ་དྲན་ཐེངས་རེར

ངས་རང་གི་རེ་འདང་གི་ཚོར་སྣང་ལས་བཞེངས་པའི་ཕ་ཡུལ་འབོད་ཐེངས་རེར

ངས་རང་གི་འབྱུང་འགྱུར་གྱི་མཛེས་པ་ཡོད་ཚད་བཅོལ་བའི་ཕ་ཡུལ་སྒོམ་ཐེངས་རེར

མིག་ཆུས་བྲིས་བའི་སྐྱོ་བའི་འབྲུ་ལ་གཟིགས་ནས

ཁྱེད་ཀྱིས་ང་ལ་འཕྱ་དམོད་མ་མཛོད་དང

ང་ནི་བས་མཐའ་ཞིག་གི་ཡུལ་གྱར་བ་ཡིན་ལ

ཆ་མེད་རྒྱུས་མེད་ཀྱི་ཡུལ་ཁམས་ཤིག་གི་ལྡོམ་པོ་ཞིག་ཀྱང་ཡིན

                       ༠༠

གྲྭ་སའི་དཔེ་ཆའི་ཁྲོད་ཀྱི་འཁོར་བ་དེ་ཡང་ཡང་བསམ་དུས

ཟུར་གསུམ་ཅན་གྱི་གདུག་རྩུབ་དེ་དག

ཆར་རླུང་གིས་དེད་དེ་རང་གི་སྤྱི་གཙུག་ནས་བཞུར་ཡོང

སྐབས་དེར        གདུག་རྩུབ་འགོག་བྱེད་ཀྱི་ལྕགས་ཁྲབ་ལྟ་བུའི་གོ་ལག་ནི

རྒྱུན་དུ་གསོག་འཇོག་བྱེད་ཀྱིན་པའི

དཔེ་ཆའི་ནང་གི་དམར་ཐིག་དེ་དག་ཡིན་ནའང

གློ་བུར་དུ     རྙིང་ཧྲུལ་དུ་གྱུར་པའི་དཔེ་ཆ་དེ་དག་ཀློག་དུས

ཅི་ཡང་ལྷག་མི་འདུག    ཐ་ན་ཡིག་འབྲུ་ཐར་ཐོར་རེ་ཡང

                ༠༠༠

ཐེམ་སྐས་འདྲ་བའི་ལ་ཆེན་དེར

གོམ་པ་ཡུན་གྱིས་ཡུན་གྱིས་སྤོ་དུས

གནས་བབ་མི་གཅིག་པའི་སྐྱེས་བུ་དུ་མའི་དཀར་ནག་གི་ཁྱིམ་གཞིས་མཐོང་ཡོང

བདེ་བ་དང་ལོངས་སྤྱོད་མི་སྙོམས་པའི་གོམ་པ་བརྒྱུད་དེ་འགྲོ་སྐབས

ལས་དབང་དང་དེའི་རྒྱབ་ངོགས་ཀྱི་གསང་བ་ཞིག་ལ

འཁོན་སེམས་ཀྱིས་ངོ་གདོང་འགྱུར་སོང

ཡིན་ན་ཡང    གྲྭ་སའི་སྙན་འཇེབས་ཀྱི་ཆོས་སྐད་རེ་རེ་གོ་དུས

ངེས་འབྱུང་ཞིག་གིས་ལས་དབང་ལ་ཡིད་བརྟན་འཕེལ་སོང

              ༠༠༠༠

འདམ་མྱག་གིས་ནུབ་ཀྱིན་པའི་རྐང་ལམ་ཀྱ་ཀྱོག་དེ་ན

ཁོ་ཕོ་ཆེ་བའི་གཞོན་ནུ་འགའི་རྐང་པ་ཟུག་འདུག

རི་བོ་ཞིག་གི་རྐེད་པར་བཟུང་སྟེ

ཀེང་རུས་ཀྱི་ལྷུ་ཚིགས་བར་ན་མེ་སྟག་ཆེམ་ཆེམ་གྱིས

རྔུལ་ཆུ་གསོག་བཞིན་ཡོད་ན་ཡང

རྐང་པ་ཚུགས་སའི་འདམ་མྱག་དེ་ནི་གཏིང་ཅི་ཟབ་ཏུ་འགྲོ་གིན་གདའ

             ༠༠༠༠༠

ང་ནི་ངུར་སྨིག་གིས་དཀྲིས་པའི་གྲྭ་རྐྱང་ཞིག་ཡིན

གྲྭ་རྐྱང་གི་འཚོ་བ་ལ་རྒྱབ་མདུན་མེད་པའི་རྐྱེན་གྱིས

ངའི་དུང་ལྟར་དཀར་བའི་སྙན་ངག་ལའང་ཕྱི་ནང་གཏན་ནས་མེད

ང་ནི     གཏད་སོ་བྲལ་བའི་འཁྱམ་ཉུལ་བ་ཞིག་ཡིན

ངའི་ཁབ་རྩེ་ལས་རྣོ་བའི་མིག་དབང་གིས

ལྗོངས་དང་ལྗོངས    མི་དང་མི    

སྐད་ཆ་དང་སྐད་ཆ་སྣོལ་གྱིན་ཡོད་པའི་རྐྱེན་གྱིས

ངའི་བསམ་བློའི་བཞུར་རྒྱུན་གྱི་ཡི་གེ་ལའང

ཁྱེད་དང་ང་ལྟ་བུའི་ཕ་རོལ་དང་ཚུར་རོལ་ཡེ་ནས་མེད

                    ༠༠༠༠༠༠

གཉའ་རེངས་ཀྱི་མི་ངན་ཞིག་གིས

རང་ཉིད་ཀྱིས་མ་བཟོད་པའི་གྲྭ་སའི་བཅའ་ཡིག་དེ་ནི

ཚད་ཐིག་ལས་བརྒལ་སོང་བ་ཀུ་ཅོ་ཡིས་ཁྲུན་ཐག་བཅད

ད་དུང     དེ་ནི་གནས་ལུགས་ཤིག་ཡིན་པའི་འགྱིང་ཉམས་ཀྱིས་འུར་རྒྱག་གིན

མི་དང་དེའི་རིགས་ཀྱིས

རང་གི་སྲོག་དང་བསྡོས་པའི་དམ་ཚིག་རྟ་རྔ་ལས་ཕྲ་བ་དེ་ཡང

ཁྲག་དྲི་བྲོ་བའི་མཚོན་ལ་དྲངས་ནས་མགོ་བོ་འགྱོག་གིན

དེ་ནི           གྲྭ་བ་ཞིག་གིས་དམར་སྨུག་གི་རས་གཟན་འཇམ་པོ

ལྕེབས་ཐགས་ལ་འཁྲུལ་ནས་རང་སྲོག་གཅོད་པ་རང་ངོ

              ༠༠༠༠༠༠༠

བྱུ་རུའི་རྒྱ་མཚོ་ལྟ་བུའི་གྲྭ་ས་ན

མདོ་དབུས་ཁམས་ཀྱི་གཞུང་ལམ་ལས་རིང་བའི

འོད་ཟེར་གྱི་ལམ་ཆེན་ཞིག་མཐུད་ནས་ཡོད

ཤར་གྱི་ཕྱོགས་སུ་འཇིག་རྟེན་ཡི་གེ་ལ་འབེབས་ཀྱིན་པ་དེ་ནི

ཨ་མདོ་བའི་འོད་ཟེར་གྱི་ཨ་ཁུ་ཡིན་ཞིང

བྱང་གི་ཕྱོགས་ནས་ཆོས་ཕུག་བྲག་ཐེམས་ལ་བཅོལ་ནས་ཡོད་པ་དེ་ནི

དབུས་གཙང་བའི་འོད་ཟེར་གྱི་སྐུ་ཞབས་ཡིན

ཤར་བྱང་གི་བར་མཚམས་ནས

འཇིག་རྟེན་ལ་ཉེན་བརྡའི་སྡིགས་མཛུབ་འཆང་བ་དེ་ནི

ཨ་རོགས་ཁམས་པའི་འོད་ཟེར་གྱི་བླ་མ་ཡིན

དེ་ཡང     གྲྭ་ས་ནི་མདོ་དབུས་ཁམས་ཀྱི་སྐད་ཡིག་དག་མའི་མ་ཡུམ་ཡང་ཡིན

        ༠༠༠༠༠༠༠༠

བདག་གིས་འདུ་འཛིལ་གྱི་མཁའ་དབུགས་དེའི་བརྒྱུད་ནས

མི་ཚེའི་ཁ་མདོག་ལ་བཙོ་སྦྱང་ཡང་ཡང་བྱས་རྗེས

སྙིང་པོ་ཡོད་མེད་ཀྱི་ས་ཚིགས་དེའི་གསེང་ནས

ལམ་ཁ་འདི་ལ་རང་དབང་གིས་གདམ་ཀ་བྱེད་པ་ཡིན

ད་ལྟར     ང་ལ་སྙིང་གཏམ་ལྡུད་ཡུལ་གྱི་མཛའ་མོ་དང

སྐྱོ་བ་འཁྱེར་རོགས་ཀྱི་ཆུང་འདྲིས་གང་ཡང་མེད་ནའང

མེ་ལོང་འདྲ་བར་ཕར་ངོས་ནས

རང་ཉིད་ལ་ཚུར་ཡང་ཡང་ལྟ་དུས

ད་དུང    འཚོ་སྙེག་འདི་ལ་ཞེ་འགྲས་སྐྱེ་མེད་པར་འདྲའོ

         ༠༠༠༠༠༠༠༠༠

ཆོས་རྣམས་ཀྱི་ངོ་བོ་ལ

གདོད་ལུགས་ཀྱི་རྗེན་པ་གྲུབ་པའི་རང་དབང་དེ་མེད་དེ

དེ་དག་ནི      ཐ་སྙད་ལྟོས་གྲུབ་ཀྱི་བཅད་རྒྱ་ལས་མ་འདའ་བའོ

ཚུལ་དེ་ལས་སླ་བ་ཙམ་དུ་བྱས་ན

ཁྱེད་དང་ངེད་གཉིས་སམ་དེའི་ཆ་ཤས་ལ་གཏོགས་པའི

ཐ་སྙད་གཡེར་པོ་དེ་དག་ཡེ་ནས་མེད་ཚེ

ངེད་གཉིས་ཀྱང་འཇིག་རྟེན་འདིར་འཚོ་སྟངས་ཀྱི་ས་མིག་ཅིག་གཏན་ནས་མེད་པ་རེད

ད་ལྟར       བདག་གིས་མིང་བརྡའི་འཇོག་ལུགས་ཀྱི་མཚན་ཉིད་རིག་པའི་ལྟ་གྲུབ་ཅིག་གིས

རང་ཉིད་ཀྱི་གནས་བབ་ལ་འགྱུར་བ་ཨེ་ཡོང་གི་རེ་བ་བཅངས་ནས་ཡོད

                ༠༠༠༠༠༠༠༠༠༠༠

ང་ནི་མི་ཞིག་ཡིན

ང་ནི་ཚོར་རྟོག་ཟབ་པའི་གྲྭ་བ་ཞིག་ཡིན

ང་ནི་སློང་མོ་བ་ཞིག་ཡིན

ང་ནི་རྣམ་རྟོག་ཆེ་བའི་འགྲུལ་བཞུད་པ་ཞིག་ཡིན

གལ་ཏེ   མི་ལ་ཚེ་སྲོག་གི་སྒུལ་ཤུགས་མངའ་བའི་རིན་ཐང་དང

གལ་ཏེ    ཚོར་རྟོག་ལ་གཅུན་སྡོམ་མེད་པའི་གྲྭ་བ་ཞིག་མེད་ན

ང་ནི་མི་མིན     ང་ནི་གྲྭ་བ་མིན

གལ་ཏེ   སློང་མོ་བའི་ལག་གི་དབྱུག་ཏོ་དང

གལ་ཏེ    འགྲུལ་བཞུད་པའི་གཉའ་ཡི་རྒྱབ་ཁུག་དེ

སུས་ཀྱང་རེག་འདོད་མེད་པའི་སྲང་ལམ་གྱི་གད་སྙིགས་ཤིག་ཡིན་ན

ང་ནི་སློང་མོ་བ་མིན    ང་ནི་འགྲུལ་བྱེད་པ་མིན

             ༠༠༠༠༠༠༠༠༠

བདག་གིས་ལམ་བུ་ཞིག་འདེད་ཀྱིན

བདག་གིས་རི་མོ་ཞིག་འབྲི་གིན་ཡོད

ལམ་བུ་དེ་ནི་མེས་པོའི་ཤུལ་བཞག་ཡིན་ཡང་རུང་སྟེ་མིན་ནའང་ཆོག

རི་མོ་དེ་ནི་སྒྱུ་རྩལ་ཁྱབ་ཁོངས་སུ་གཏོགས་ཀྱང་ཆོག་སྟེ་མ་གཏོགས་ཀྱང་རུང

བདག་གིས་སྙིང་པོ་ཡོད་མེད་ཀྱི་མཐའ་མཚམས་འདི་ནས

སླར་ཡང   ལམ་བུ་ཞིག་འདེད་ཀྱིན་ཡོད   རི་མོ་ཞིག་འབྲི་ཀྱིན་ཡོད

                                 ༢༠༡༢   ༨    ༡༢