བཀའ་ཤག་ནས་བོད་མི་རྣམས་མགོ་བསྐོར་བཏང་བ།
རང་བཙན་དང་རང་སྐྱོང་བར་གྱི་འགལ་འདུ། ལོ་རྒྱུས་ཐོག་ལ་རང་བཙན་དང་རང་སྐྱོང་གཉིས་ཀ་བྱུང་མྱོང་ཡོད་ཅིང་། གནས་བབ་དང་ཆབ་སྲིད་བསམ་བློ་སོགས་ལ་གཉིས་ཀར་གྲ་སྒྲིག་ཆོག་པ། རེ་བ་ཡང་གཉིས་ཀར་བརྒྱག་ཆོག་ལ། ཡིད་ཆེས་དང་གདེང་ཚོད་ཀྱང་གཅིག་འདྲ་ཡིན་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་མ་འདྲ་བ་གཉིས་ཀྱི་བསམ་བློའི་འཐབ་རྩོད་ནི། ད་སྐབས་ཆེས་ཛ་དྲག་ཅན་དུ་འགྱུར་ཡོད་ཚོད་འདུག
རང་སྐྱོང་མངོན་འདོད་མཁན་དག་གིས་ལོ་རྒྱུས་ལ་གཞི་བཅོལ་བ་མ་ཡིན་པར། སྔ་མོ་ཞིག་ལ་རྒྱ་རྒན་ཏིང་གིས་རྒྱལ་དོན་ཅན་ལ་བཤད་པར་གྲགས་པའི་འཆལ་གཏམ་ཁུངས་མེད་ཅིག་ལ་གཞི་བྱས། བོད་མའི་རྒྱ་ཆ་གོ་དགུའི་གདམ་ཁ་ཡིན་ཚུལ་གྱི་དྲིལ་བསྒྲགས་ས་ཆེན་རལ་བ་ལྟ་བུ་ཞིག་གི་འོག་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པ་ཡིན་ཏེ་འདུག
རྒྱ་རྒན་ཏིང་གི་སྐད་ཆ་ཡིན་པའི་ཁུངས་ལུང་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་། བོད་མི་རྒྱ་ཆ་གོ་དགུའི་གདམ་ག་ཡིན་ཀྱང་རུང་མིན་ཀྱང་རུང་། གང་ལྟར་རྩ་དོན་དེར་ཐབས་ལམ་གཅིག་ཡོད་པ་ནི་དབུ་མའི་ལམ་ཟེར་བའི་སྲིད་བྱུས་ནོམ་ཆེན་དེ་ཡིན་པ་རེད། བོད་རྒྱའི་འགལ་བ་གྲོས་མོལ་གྱི་ལམ་ནས་སེལ་དགོས་པ་དང་དེ་ཡང་གཉིས་ཕན་དབུ་མའི་ལམ་ལ་གཞོལ་དགོས་པ་གཉིས་ཕན་དབུ་མའི་ལམ་གྱི་གྲུབ་འབྲས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡིན་པ་སོགས་ཁ་ཡག་ལུང་པ་གང་བཤད་པ་དང་སྐུ་ཚབ་ཕར་གཏོང་ཚུར་སླེབས་ཀྱི་སྐབས་རེ་རེར་སྐུ་ཚབ་གཉིས་དང་བཀའ་ཁྲི་ཟམ་གདོང་བཅས་ཚང་མས། ཁ་ཡག་ཡིན་པ་དང་ཞལ་རྫུན་ཡིན་པ་བོད་མི་རྣམས་མགོ་སྐོར་ཡིན་པ་བཅས་ཀྱི་གྲུབ་འབྲས་གང་འཚམས་ཡོད་ལུགས་དང་ཕར་ཕྱོགས་ནས་ངོས་ལེན་སྔར་དང་མི་འདྲ་ལུགས་རེ་བ་ཡོད་ཚུལ་སོགས་ཁ་ཁོག་མི་མཚུངས་པའི་མུ་ཅོར་གྱི་གཏམ་དག་བར་མེད་དུ་སྨྲས་རྐྱེན་ད་བར་དུ་བོད་མའི་བྱིང་མགོ་སྐོར་འོག་ཏུ་ཚུད་པ་རེད་འདུག
དེ་ལྟར་སྨྲས་རྐྱེན་རང་ངོས་ནས་རྟོག་དཔྱོད་ཀྱི་བློ་མིག་གཏན་ནས་མ་དོད་ཅིང་གཞན་ཟེར་ལ་མཛུབ་མོ་གར་བསྟན་ཤར་རང་དུ་ངོས་འཛིན་རྐྱང་གནང་བའི་སྤྱི་འཐུས་འགའ་ནས་དབུ་མའི་ལམ་གྱི་བོད་རྒྱའི་དཀའ་རྙོག་སེལ་ལ་ཉེ་ཚུལ་དབུ་མའི་ལམ་གྱི་བོད་མའི་མངོན་འདོད་འགྲུབ་ལ་ཉེ་ཚུལ་སོགས། རྒྱུ་མཚན་དང་གནས་ལུགས་སོར་གང་མེད་པར་མ་ཡིན་ཡིན་མདོག་ཆེན་པོས་བཤད་རྐྱང་གནང་བ་རེད།
དབུ་མའི་ལམ་མམ་རང་སྐྱོང་མངོན་འདོད་ནི་བོད་མའི་རྒྱ་ཆ་གོ་དགུའི་ཆབ་སྲིད་ཀྱི་ལང་ཕྱོགས་ཡིན་མིན་ཤེས་དཀའ་ཞིང་ལྐོག་ཏུ་གྱུར་ནའང་། གོ་ས་མཆོག་གི་ཐུགས་བཞེད་དང་བཞེངས་ཕྱོགས་ཡིན་པ་ནི་གསལ་པོར་ངེས་ཟིན་ཐོབ་རྒྱུ་ཞིག་ཡིན་སྣང་ཤར། རྒྱུ་མཚན་དེ་ལ་རྟེན་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཞུས་པ་ལས་རང་ངོས་ནས་ཆབ་སྲིད་ཀྱི་གནད་འགག་ཤེས་ནས་རྒྱབ་སྐྱོར་གནང་མཁན་ཞིག་ཕལ་ཆེར་མེད་པའི་ཚོད་དུ་འདུག
དེ་ལས་ཐབས་སྐྱོ་བ་ཞིག་ལ་སྐབས་སྔ་མའི་དཀའ་ཤག་ལྟ་བུ་ཡིན་ན། ཁ་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཡོད་མདོག་གིས་བོད་མི་རྣམས་མགོ་བསྐོར་བཏང་ཡང་། དོན་དུ་དབུ་མའི་ལམ་ལ་ཡིད་ཆེས་དང་རེ་བ་མེད་པར་མ་ཡིན་ཡིན་མདོག་གནང་བ་མིན་ནམ་སྙམ་པའི་རྣམ་རྟོག་སྐྱེ་གཞི་དེ་འདྲའང་མཐོང་ཐོས་ཡོང་གི་ཡོད་པ་རེད།
དཔེར་ན། སྐབས་སྔ་མའི་དཀའ་བློན་ཞིག་ནས་བརྗོད་དོན། ང་ཚོ་བོད་ལ་རེ་བ་བརྒྱག་ས་གཅིག་རང་ཡོད་པ་དེ་རྒྱ་གཞུང་དམངས་གཙོའི་ལམ་དུ་ཕྱོགས་མིན་དེ་རེད། གལ་སྲིད་དམར་གཞུང་དམངས་གཙོའི་ལམ་དུ་ཁ་ཕྱོགས་པ་ཡིན་ན། དེའི་དུས་སུ་ང་ཚོས་རང་བཙན་དང་རང་སྐྱོང་གང་བརྩད་ཀྱང་རེ་བ་ཆེན་པོ་ཡོད་པ་དང་། དེ་མ་བྱུང་བར་དུ་ང་ཚོའི་འདི་ནས་ཅི་ཞིག་བཤད་ཀྱང་ལག་པ་ཡ་གཅིག་གིས་ཟློག་པའི་དཔེ་ལྟར་གང་ལ་ཡང་རེ་བ་མེད་ཚུལ་འདྲ་འདྲ་འགྲིག་འགྲིག་གིས་བཤད་འདུག་པ་ལྟ་བུ་རེད།
ཕལ་ཆེར་དེ་ནི་དོན་དངོས་ཡིན་རྒྱུ་རེད་ལ། དོན་དངོས་དེ་ལྟར་ཡིན་པ་ཤེས་བཞིན་དུ་རང་སྐྱོང་ལས་རང་བཙན་ལ་མདུན་ལམ་མེད་ཚུལ་རྦད་དང་བཅས་ཏེ་བཤད་དོན་ཅི་ཞིག་ཡིན་ནམ། གལ་སྲིད་སྐུ་ཚབ་རྣམ་གཉིས་དང་བཀའ་ཁྲི་བཅས་པས་བརྗོད་གསལ་ལྟར། རྒྱ་ཕྱོགས་ལ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་ཡི་ཡོད་པ་བདེན་ན། བོད་མའི་ཕལ་གྱི་སྙིང་ལ་གྲི་ཡོག་པ་ལྟ་བུའི་རང་སྐྱོང་མངོན་འདོད་ཀྱི་ཡིག་ཆ་རྒྱ་མིར་སྤྲད་རྗེས། ཅིའི་ཕྱིར་དུ་འབྲེལ་མོལ་མཚམས་ཆད་པ་རེད་ད་བར་དུ་སྐྱར་གསོ་མ་ཐུབ་པ་ཅིའི་ཕྱིར་དུ་ལུས་པ་རེད། དེ་མ་ཚད་སྐུ་ཚབ་གཉིས་ནས་ད་སྐབས་ཁ་ཆུ་ཡི་འཁྱག་ཚད་བཤད། མུག་ཤུ་ལུང་པ་གང་བགྲང་ནས་དགོངས་པ་ཞུ་དོན་ཅི་རེད།
མི་མཐོང་ལག་ཟིན་གྱི་གནས་ཚུལ་འདི་ཙམ་མདུན་དུ་ལྷག་ཀྱང་། མི་ལོ་བཅུ་ཡི་རིང་ལ་གྲུབ་འབྲས་དང་བྱས་རྗེས་སྣ་གཅིག་སྟོན་རྒྱུ་མེད་པར་དེ་རིང་སྒྲེན་མོ་ལག་སྟོང་མཆན་དུ་བཅུག་ནས་ཁྲི་ལས་གཡོལ་སྐབས། བཀའ་ཤག་གསར་པར་དབུ་མའི་ལམ་གྱི་སྲིད་ཇུས་ལ་འགྱུར་བ་མ་གཏང་ན་ཡག་ཚུལ་གལ་སྲིད་སྲིད་ཇུས་དེར་འགྱུར་བ་གཏང་བ་ཡིན་ན་བཀའ་ཤག་གསར་པར་མདུན་ལམ་དང་རེ་བ་མེད་ཚུལ་བརྗོད་དེ་རྟིང་བསྐུལ་དང་སྲིད་བྱུས་དེར་བཙན་བརྫང་བྱེད་དོན་ཅི་ཞིག་རེད།
དེས་ན་ད་ནི་ལོ་རྒྱུས་ཀྱི་རིན་ཐང་མི་གཅིག་ལ། མདུན་ལམ་ཡོད་མེད་ཀྱི་ཁྱད་པར་ཕྱེ་རྒྱུ་མེད་པ། དམིགས་ཡུལ་དང་རེ་བ་གཅིག་མཚུངས་ཡིན་ཀྱང་། བོད་མའི་རྣམས་ཀྱི་སེམས་ལ་གཅེས་ལུད་གནམ་ས་ཙམ་ཤོར་བའི་རང་བཙན་གྱི་ལྟ་གྲུབ་སྐྱར་དར་གཏང་ནས་གཞུང་སྒེར་ཚང་མས་སྲིད་བྱུས་གཅིག་ལ་ཤི་འཇུ་རོ་འཐམ་དགོས་པ་ལས། ཁ་གཅིག་ཁོག་གཉིས་ལྟ་བུའི་གཡས་འགྱུར་གཡོན་འགྱུར་གནང་རྒྱུ་མི་འདུག་བསམ།
ལྷག་པར་དམར་གཞུང་ཡང་དག་པའི་དམངས་གཙོའི་ལམ་དུ་མ་འགྲོ་བར་དུ་ང་ཚོ་ལ་བྱེད་ཐབས་མེད་པར་བདེན་ཤས་ཆེ་བས། དེའི་བར་དུ་ང་ཚོ་གཏམ་སྣེ་གཅིག་དང་རེ་བ་གཅིག་གྲ་བསྒྲིགས་གཅིག་དང་དམིགས་ཡུལ་གཅིག་ལ་སྣ་གཏད་དགོས་པ་ལས་འདི་ནས་ཁ་ཉེན་ཚིག་འཆལ་ཤོར་མི་ཉེན་པ་དང་སྔར་ཤོར་བ་རྣམས་ཀྱང་ཡོངས་ཁྱབ་ཏུ་རྩིས་མེད་སོང་ཚུལ་གསར་འགོད་གསར་བསྒྲགས་སྤེལ་དགོས་པ་གལ་ཆེན་རེད།
དེ་ལྟར་མ་བྱས་ཚེ། ཡི་གེ་ནག་ཆུང་ཤི་མེད་དང་ཐེལ་ཚེ་ཁྲ་མོ་བོར་མེད་ལྟ་བུའི་ཚིག་འཆལ་ཁག་ཡིག་ཚང་ཁག་ཏུ་ལུས་ཤོར་ཚེ། རྗེས་ཕྱོགས་ཚིག་རེ་རེས་ན་ས་དང་། ཚིག་རེ་རེས་འཆི་ས་བྱེད་ངེས་ཡིན་དུས་ཏན་ཏན་དཀའ་ངལ་ཡོང་རྒྱུ་རེད་སྙམ་བཞིན་འདུག ད་དུང་ཡང་དམར་གཞུང་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་ལ་འདུག་བཅུག་མིན་ལ་མ་བལྟོས་པར་འདུག་འདོད་ཀྱི་བསམ་བློར་རྗེ་སྤོར་མེད་པར། གཞུང་གི་ལང་ཕྱོགས་ཀྱང་དེར་ཕྱོགས་སུ་བཙན་གྱིས་དྲངས་ན།
ནམ་ཉི་མ་ཞིག་ལ་ལོ་རྒྱུས་ཀྱིས་ཀྱང་དཔང་པོ་མི་ཐུབ་པར་ཀྲུང་ཧཱ་མི་མངས་སྤྱི་འཐུས་རྒྱལ་ཁབ་ཀྱི་མངའ་འབངས་ནས་ཁ་བྲལ་ཐབས་མེད་པའི་ཉི་མ་ནག་པོ་ཞིག་ཐོད་ལ་ཤར་ཚེ། རྣམ་པ་ཚོ་ནག་ཉེས་ལ་དེ་ཡན་མེད་པའི་ལོ་རྒྱུས་ཐོག་གི་མི་སྣར་ཆགས་པ་རེད་ལ་ནམ་ཡང་བསྒྱུར་དུ་མེད་པའི་རྒྱལ་འཚོང་བའི་ཆོ་ལོ་དེ་ཡང་རྣམ་པ་ཚོའི་དབུ་དང་སྐེ་ལ་གཏན་དུ་འཁོར་བ་རེད། སྐབས་དེ་དུས་བཙན་པོའི་ཁྲག་རྒྱུན་རྩ་ལམ་དུ་བཞུར་ཞིང་། གངས་ལྗོངས་ཀྱི་ཡ་ང་བའི་སྐྱོ་གར་མིག་མདུན་དུ་ལྷག་པ་མ་བཟོད་ནས་རྣམ་པ་ཚོའི་དུར་བྱང་ཚུན་དུ་ངོ་རྒོལ་སྡུག་དམོད་ཀྱི་འཕྲེད་དར་འཛུགས་མི་སྲིད་པ་མིན་ལ་ཕྱར་མི་སྲིད་པ་མིན་པའང་ད་ཙམ་ནས་ཤེས་པ་གནང་རོགས།