ཁམས་ལི་ཐང་གི་གྲྭ་པ་ཞིག་འཛིན་བཟུང།
ཕྱི་ཟླ་༨ པའི་ཚེས་༢༨ ཉིན་ཁམས་ལི་ཐང་ས་སྐོར་སྡེ་པ་ནས་ཡིན་པའི་གྲྭ་འཇམ་དབྱངས་བསྟན་འཛིན་ཟེར་བ་ཞིག་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ། ད་ལྟའི་ཆར་ཁོང་གར་ཁྲིད་ཆ་མེད་དུ་གྱུར་ཡོད་པ་རེད་འདུག
བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། དེ་ཡང་ཕྱི་ཟླ་༨ པའི་ཚེས་༢༨ ཉིན་རྒྱ་གཞུང་གི་ཉེན་རྟོག་པས། ཁམས་ལི་ཐང་ས་སྐོར་སྡེ་བ་ནས་ཡིན་པའི་གྲྭ་འཇམ་དབྱངས་བསྟན་འཛིན། ལི་ཐང་དགོན་ཆེན་གྱི་ཆོས་རར་འགྲོ་སའི་ལམ་ཁ་ནས་གློ་བུར་དུ་འཛིན་བཟུང་བྱས་ཏེ་གར་ཁྲིད་ཆ་མེད་དུ་གྱུར་ཡོད་པ་མ་ཟད། ཁོང་འཛིན་བཟུང་བྱེད་དགོས་དོན་དང་། ད་ལྟའི་ཆར་ཁོང་གི་གནས་སྟངས་གང་ཡིན་གསལ་རྟོགས་ཐུབ་མེད་པ་རེད།
དེ་སྔོན་ཕྱི་ལོ་༢༠༠༧ ལོའི་ཕྱི་ཟླ་༩ པའི་ཚེས་༣ ཉིན། རྒྱ་གཞུང་གིས་ཁམས་ལི་ཐང་ཁུལ་དུ་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་དང་འབྲེལ། དོན་ཚན་༦ ཅན་གྱི་ཡིག་ཆ་ཞིག་གི་སྟེང་བཙན་དབང་གིས་ས་རྟགས་རྒྱག་བཅུག་པའི་སྐབས་སུ། གྲྭ་འཇམ་དབྱངས་བསྟན་འཛིན་གྱིས་རྒྱ་གཞུང་གི་འཁྱོག་བཤད་ཁག་ལ་ལན་འདེབས་དང་། དེ་བཞིན་རོང་རྒྱས་ཨ་གྲགས་ཀྱི་གནད་དོན་གྱི་མཚོན་དོགས་འདྲི་མང་པོ་གནང་ཡོད་པར་བརྟེན། སྐབས་དེར་ཡང་རྒྱ་གཞུང་གིས་ཁོང་འཛིན་བཟུང་བྱས་ཏེ་ལོ་གསུམ་རིང་བཙོན་འཇུག་གིས། རྡུང་རྡེག་ཚད་ལས་བརྒལ་བ་བཏང་ཡོད་སྟབས་ཁོང་གི་གཟུགས་གཞི་ཧ་ཅང་སྐྱོ་པོ་ཆགས་ཡོད་པ་མ་ཟད། ཤེས་པ་ཡང་རང་བཞིན་དུ་མི་གནས་པ་བཟོས་རྗེས་གློད་གྲོལ་བཏང་ཡོད་པ་དང་། ཉེ་ཆར་ཁོང་འཛིན་བཟུང་མ་བྱས་པའི་གོང་དུ་བོད་སྨན་བརྟེན་ནས་ན་ཚ་ཅུང་དྲག་ཐུབ་པ་བྱུང་སྟེ། ས་གནས་དེའི་མང་ཚོགས་ཀྱི་གསུང་ཆོས་ཚོགས་ས་ཁག་ལ་ཕེབས་ཀྱི་ཡོད་པ་རེད་འདུག
གྲྭ་འཇམ་དབྱངས་བསྟན་འཛིན་ནི་དེ་སྔོན་བཙན་བྱོལ་དུ་ཡོང་ནས་དགའ་ལྡན་རྡོ་ར་ཁང་ཚན་ནས་སློབ་གཉེར་བྱས་རྗེས། ཕྱིར་རང་ཡུལ་དུ་ལོགས་ཡོད་པ་དང་། ཁོང་གི་ཕ་མིང་ལ་འཕྲིན་ལས་ཚེ་རིང་དང་། མ་མིང་ལ་བཀྲ་ཤིས་སྒྲོལ་མ་ཟེར་གྱི་ཡོད་འདུག
