རང་སྐྱོང་དང་རང་བཙན་གྱི་གླེང་ཕྱོགས་ལས་འཕྲོས་པའི་བསམ་ཚུལ་ཁག་གཅིག།

ད་ལྟའི་སྐབས་སུ་བཙན་བྱོལ་ནང་ཡོངས་གྲགས་སུ་གླེང་སློང་ཤུགས་ཆེན་བྱེད་བཞིན་པ་ནི།  རང་སྐྱོང་ངམ་དབུ་མའི་ལམ་དང་རང་བཙན་གཉིས་ཀྱི་ལྟ་གྲུབ་བམ་ལངས་ཕྱོགས་འཛིན་སྟངས་འགྲིག་མིན་ཐད་རེད།  ༧གོང་ས་མཆོག་གིས་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་དང་བཅས་ཀྱི་ཆེད་དུ་སྐུ་ལས་བསྐྱོན་པ་དང། ཁོང་གིས་དུས་ནས་དུས་སུ་བོད་མི་ས་ཡ་དྲུག་གི་མངོན་འདོད་གང་ཡིན་དེའི་ཐོག་ཕེབས་བསྡད་པ་ཞིག་ལས་འདི་ངའི་བཀའ་ཡིན་དེར་ངེས་པར་དུ་འགྲོ་དགོས་པ་རེད་ཅེས་གསུང་མྱོང་གཏན་ནས་མེད་པ་གཅིག་ཤེས་ཀུན་གྲོལ་རེད།

ཡིན་ན་ཡང་ཆེས་བློ་ཕམ་པ་ཞིག་ལ། དེང་སྐབས་བཙན་བྱོལ་གཞུང་གི་ཆོས་དང་སྲིད་ཀྱི་སྣེ་ཁྲིད་པ་བླ་མ་སྤྲུལ་སྐུའི་མིང་ཆེན་ཡོད་མཁན་དང་སྲིད་སྟེགས་སྟེང་གི་མི་ཆེན་དཔོན་ཆེན་རེ་ཟུང་གིས།  ༧གོང་ས་མཆོག་གི་མཚན་བེད་སྤྱོད་བྱས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་སོ་སོའི་རྐུབ་སྟེགས་བརྟན་བསྲུང་དང་འབྲེལ།  ཡར་གོང་གི་སྲིད་སྐྱོང་བ་ནས་མར་འདབས་ཀྱི་མི་མང་ཡན་ཆད་ལ་རྒྱུད་བསྐུལ་དང་དངོས་ཡོད་མི་ཡིན་པའི་སྐད་ཆ་འདྲ་མིན་ཤོད་ཀྱིན་ཡོད་པ་འདི་རེད།

 

གཅིག༽ སྤྱི་ཚོགས་ཁྲོད་ཀྱི་སྲིད་དོན་པ་ཚོའི་དུས་རྒྱུན་བཤད་སྲོལ་ཡོད་པའི་༧གོང་ས་མཆོག་གི་བཀའ་དགོངས་འགལ་མེད་ཐོག་ཤར་བསྐྱོད་བྱེད་ཀྱི་ཡོད་ཅེས་པའི་མིང་བྱང་དེ་ལེན་ཆེད།  ལམ་དབུ་མ་ངེས་པར་དུ་བདམ་དགོས་པ་རེད།  དེ་ནི་༧གོང་ས་མཆོག་གི་ཐུགས་དགོངས་ཉག་གཅིག་རེད།  གལ་སྲིད་དེར་མ་སོང་བ་ཡིན་ན། ༧གོང་ས་མཆོག་གིས་བཀའ་དང་འགལ་གྱི་ཡོད་པ་རེད་ཅེས་སོགས་བརྗོད་ནས་བོད་མི་མང་གི་བསམ་བློར་རྡུང་རྡེག་ཚབས་ཆེན་གཏོང་བཞིན་ཡོད་པ་རེད།

 

གཉིས།༽  སྐད་ཆ་དེ་ཚོའི་གླེང་ཕྱོགས་ལ་བལྟས་པ་ཡིན་ན།  རང་ཉིད་དང་དེ་འབྲེལ་གྱི་རྐུབ་སྟེགས་བརྟན་སྲུང་དང་སྔར་མེད་གོ་གནས་རག་ཐུབ་བཅས་ཀྱི་ཆེད་དུ་ཡིན་པ་ལས།  དོན་དམ་པར་ཁོང་ཚོར་ཁྱོད་ཕམ་ང་རྒྱལ་གྱི་བསམ་བློ་མེད་མཁན་ཞིག་དང་།  ཡང་ན་བདག་གཞན་འདྲ་མཉམ་གྱི་བསམ་བློ་འཛིན་མཁན་གྱི་གུ་ཡངས་དཀྱེལ་ཆེ་བའི་བསམ་བློ་གཏོང་མཁན་རེ་མིན་པ་ཁ་ཚོན་བཅད་ནས་བརྗོད་ཐུབ་པ་ཞིག་རེད།  དེ་ལས་རྒྱུ་མཚན་གཞན་ཞིག་ནི་བོད་མི་རིགས་ཀྱི་མཐར་ཐུག་གི་མངོན་འདོད་རང་སྐྱོང་རེད་ཅེས་སུ་ཞིག་གིས་བརྗོད་ཐུབ་བམ། གལ་སྲིད་རང་སྐྱོང་ཡིན་ན་འདི་ལྟར་རྟིང་བསྐུལ་ཅིའི་ཕྱིར་བྱེད་དགོས་སམ།

 

གསུམ།༽   བོད་མི་རིགས་ཀྱི་འདས་མ་ད་གསུམ་དང་ལྷག་པར་དུ་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་ལ་བསམ་བློ་སྤུ་རྩེ་ཙམ་ཡང་བཏང་མྱོང་མེད་མཁན་ཚོའི་དུས་རྒྱུན་རང་འདོད་ཡིད་བྱེད་ཀྱི་ཀུན་ནས་བསླངས་ཏེ། རང་དབང་ལུང་པར་རང་སྣང་གང་དྲན་གྱི་གཏམ་བཤད་བྱས་བཞག་པ་ཞིག་དང་། ལྷག་པར་དུ་བོད་ཀྱི་སྣོད་བཅུད་གཉིས་ཀྱི་འཕེལ་འགྲིབ་མིག་གིས་མ་མཐོང། རྣ་བས་ཀྱང་མ་ཐོས་མཁན་ཚོས་ནང་ཁུལ་ཆབ་སྲིད་ཀྱི་ལངས་ཕྱོགས་འགྲིག་མིན་ལ་ཁ་གཡར་ནས་སྒེར་དོན་ཁོག་བཅུག་གི་ནད་རྙིང་སྤུངས་ས་བྱེད་ཀྱི་ཡོད་པ་གོར་མ་ཆག།

 

བཞི།༽   བོད་ཀྱི་སྲིད་འབྱོར་རིག་གསུམ་བདག་མེད་རྩ་བརླག་ཏུ་འགྲོ་བཞིན་པ་དང་། ལྷག་པར་དུ་བོད་མི་ལྔ་བཅུ་ལྷག་གི་ཚེ་སྲོག་གི་འགྲོ་སོང་བཏང་དང་གཏོང་བཞིན་པའི་གནས་སྟངས་མིག་མཐོང་ལག་ཟིན་ཡོད་ན་ཡང་།  རང་ཉིད་དང་རང་ཉིད་ཀྱི་ཕྱོགས་གཏོགས་དག་གི་སྔ་ས་ནས་རྐང་པ་ཉིས་འཛུགས་ཐུབ་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས།  འདི་ལྟར་སྐད་ཆ་སྦོམ་པོ་དང་རྫིག་པོ་འདྲ་ཆགས་པོ་རྐྱང་རྐྱང་བཤད་ནས་དུས་ཚོད་གང་འཁྱོལ་བྱས་ནས་སྡོད་ཐབས་བྱེད་པ་ལས། བོད་མི་རིགས་ཆགས་འཇིག་དང་ཛ་དྲག་གི་གནས་སྟངས་ལས་སྐྱོབས་ཐུབ་ལ་གང་དགའ་ཅི་དྲག་གི་བསམ་བློ་ཏིལ་འབྲུ་ཙམ་ཡང་བཏང་མྱོང་ཡོད་མེད་ཐེ་ཚོམ་གྱི་གནས་སུ་འཁུམས།

 

ལྔ༽  དུས་རྒྱུན་བོད་མིའི་སྤྱི་ཚོགས་ནང་བསྲེ་བསླད་ཅན་གྱི་ལས་ཀ་ལས་ནས་ཁ་ཡག་ངོ་སྲུང་གི་སྐད་ཆ་རྐྱང་རྐྱང་བཤད་ནས་སྡོད་ཀྱི་ཡོད་པ་ལས།  དོན་དམ་པར་མངོན་ལྐོག་རྒྱབ་མདུན་མཚུངས་པའི་ལས་ཀ་གཅིག་ཀྱང་བྱེད་ཀྱི་མེད་པ་མ་ཟད།  བོད་དང་བོད་མིའི་བདེ་སྡུག་ལ་བསམ་བློ་གཏོང་རྒྱུ་ཕར་ཞོགས། ༧གོང་ས་མཆོག་ལ་ཡང་འཇིག་རྟེན་ཐ་མལ་བའི་གང་ཟག་ཙམ་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད་པ་དུས་རྒྱུན་ཁོང་ཚོས་བཤད་བཞིན་པའི་སྐད་ཆ་འདི་དག་ལས་རྟོགས་ཐུབ།

 

དྲུག༽  ༧གོང་ས་མཆོག་གིས་བོད་མི་མང་ལ་ཡང་དག་པའི་མང་གཙོ་གསོལ་སྩལ་གནང་བཞག་ཡོད་པ་དེ། ད་དུང་བསམ་བློའི་ནང་གང་ཟག་གིས་དབང་བསྒྱུར་དང་སྒེར་གཅོད་ཀྱི་ལྟ་གྲུབ་སེམས་གཏིང་ན་ཉར་ཡོད་མཁན་སྐོར་ཞིག་གིས་༧གོང་ས་མཆོག་ཆབ་སྲིད་ཀྱི་ཐུགས་འགན་ཡོངས་རྫོངས་ལས་སྔ་ལོ་ནས་བགྲེས་ཡོལ་ཞུས་ཟིན་ན་ཡང་།  ད་དུང་ཅིག་༧གོང་ས་མཆོག་གི་དགོངས་གཞི་རེད། ཉིས་༧གོང་ས་མཆོག་གི་བཀའ་རེད་ཟེར་ཏེ་ཧམ་བཤད་བྱས་ནས་བོད་མི་ནང་ཁུལ་གྱི་ཆིག་སྒྲིལ་དང་འཆམ་མཐུན་ལ་གཏོར་བཤིག་དངོས་ཤུགས་བརྒྱུད་གསུམ་ནས་གཏོང་བཞིན་ཡོད་པ་འདིའི་རྒྱ་གཞུང་གིས་དུས་རྒྱུན་ལབ་བཞིན་པ་དག་ལ་རམ་འདེགས་བྱེད་ངེས་པ་ཞིག་རེད།

 

བདུན༽  འདི་དག་གིས་རྒྱུད་སྐུལ་དང་སྐུལ་སློང་ལ་གནས་ལུགས་དང་རྒྱུ་མཚན་ཡོད་མེད་ལ་མ་ལྟོས་པར། བོད་མི་རིགས་ཀྱི་བསམ་བློའི་ནང་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཐུབ་པའི་རེ་བ་རྒྱག་གི་ཡོད་པ་བཞིན་ཏན་ཏན་བསམ་བློར་དབང་བསྒྱུར་གྱི་ནུས་ཤུགས་ཐོན་སྲིད་པ་ཞིག་རེད།  དེའི་རྒྱུ་མཚན་བཙན་བྱོལ་ནང་ཡོད་པའི་བོད་མི་དཀྱུས་མ་ཚོར་མཚོན་ན་བླུན་པོ་ཆུ་སྣ་གལ་སྲིད་ཀྱི་དཔེ་བཞིན་ཡིན་པ་ལས། སོ་སོའི་བསམ་བློ་བེད་སྤྱོད་ཞེ་དྲག་བྱེད་ཐུབ་ཀྱི་མེད་པ་ས་རིས་ཐང་གསལ་རེད།

 

བརྒྱད༽ བཤད་འདོད་པའི་སྐད་ཆ་གཞན་ཞིག་ནི་བཙན་བྱོལ་ནང་གི་སྣེ་ཁྲིད་མི་སྣ་ཚོས་ནམ་རྒྱུན་བཤད་བསྡད་པ་ནི་བཙན་བྱོལ་སྤྱི་ཚོགས་གཏོར་བཤིག་བྱེད་དུ་རྒྱ་གཞུང་གིས་མི་སྣ་ཆེད་གཏོང་བྱས་ཡོད་པ་རེད།  དེ་ཚོར་གཞུང་མང་གཉིས་ཀྱི་ངོས་ནས་དོགས་ཟོན་བྱེད་དགོས་པ་རེད་ཅེས་དུས་རྒྱུན་མ་ཎི་བགྲང་བགྲང་བྱེད་བཞིན་པའི་ཚིག་དེའི་བོད་པའི་སྤྱི་ཚོགས་ནང་ལྷིང་འཇགས་མེད་པ་ཞིག་དང། དཀྲོག་གཏམ་དང་དཀྲུགས་ཤིང་གི་གཞི་རྩ་སློང་བ་ཙམ་ལས། དོན་དངོས་ཐོག་རྒྱ་གཞུང་གིས་གཡོ་ཇུས་འོག་འགྲོ་མི་ཐུབ་པའི་ནུས་ལྡན་སློབ་གསོ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད།

 

དགུ།༽   གལ་སྲིད་བཙན་བྱོལ་སྤྱི་ཚོགས་ཁྲོད་རྒྱ་གཞུང་གིས་དེ་འདྲའི་གསང་ཉུལ་བ་མང་པོ་ཞིག་བཏང་ཡོད་སྲིད་ཀྱང་། བཙན་བྱོལ་སྤྱི་ཚོགས་ཧྲིལ་པོ་ཕུ་དཀྲུག་མདའ་དཀྲུག་བྱེད་ཐུབ་པའི་ནུས་ལྡན་གསང་ཉུལ་བ་ཞིག་མི་མང་དཀྱུས་མའི་ནང་སླེབས་ཡོང་བའི་དོགས་པ་ཆེར་མེད།   འོན་ཀྱང་ཆབ་སྲིད་ཀྱི་ལངས་ཕྱོགས་དང་ལྟ་གྲུབ་ཁ་ལ་ཁྱེར་ནས་རང་དོན་ཁོག་བཅུག་གི་ཆེས་མཐོའི་སྣེ་ཁྲིད་མི་སྣ་ཚོས་མི་མང་ལ་དངོས་སམ་བརྒྱུད་ནས་བསྐུལ་སློང་འདྲ་མིན་བྱས་བསྡད་པ་ཡིན་ན།  དེ་དག་གིས་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདི་ཕུ་དཀྲུག་མདའ་དཀྲུག་བྱེད་པའི་ཉེན་ཁ་ཏན་ཏན་ཡོང་སྲིད་པ་ཞིག་རེད་ལ།  དེའི་ནུས་པ་ཡང་ཁོང་ཚོར་ཡོད་པ་ཟུར་བལྟས་ལེབ་མཐོང་རེད།

 

བཅུ༽  ང་ཚོ་གཞུང་མང་གཉིས་ཀྱི་ངོས་ནས་ད་ལྟའི་ཆར་རེ་བ་ཞིག་རྒྱག་ས་ཡོད་པ་ནི།  རྒྱ་གཞུང་གི་ཆེས་མཐོའི་དཔོན་རིགས་ཚོ་བརྗེ་བོ་བརྒྱབ་པའི་རྗེས་སུ་རྒྱ་ནག་གི་ཆབ་སྲིད་ལ་འགྱུར་བ་ཞིག་འགྲོ་ཐུབ་པའི་རེ་བ་བྱེད་བཞིན་ཡོད་པ་དེ་རེད། ཡིན་ན་ཡང་དེའི་བར་དུ་ང་རང་ཚོའི་ཆབ་སྲིད་ལངས་ཕྱོགས་འགྲིག་མིན་ཐད་སྐབས་འཚོལ་བ་ཚོས་གནས་ལུགས་དང་རྒྱུ་མཚན་ལ་མི་བལྟ་བར་ཕན་ཚུན་དགག་རྒྱག་དང་མི་མང་གི་བསམ་བློ་དབང་བསྒྱུར་རམ་བརྒྱུད་བསྐུལ་འདྲ་མིན་བྱས་དང་བྱེད་བཞིན་པ་མ་ཟད། ༧གོང་ས་མཆོག་ལ་ཁ་གཡར་ནས་མི་མང་ལ་རྟིང་བསྐུལ་གྱི་སྐད་ཆ་འདྲ་མིན་ཤོད་བཞིན་ཡོད་པ་རེད། ཉིན་འདི་ནས་བཟུང་དེ་ལྟར་མི་བྱེད་པར་བོད་མི་མང་ལ་༧གོང་ས་མཆོག་གིས་ཡང་དག་པའི་མང་གཙོ་གསོལ་རས་གནང་ཡོད་པ་དེ་ལོངས་སུ་སྤྱོད་བཅུག་པའི་རེ་འདུན་སྙིང་ནས་ཞུ་བཞིན་ཡོད།།

ཕྱི་ལོ་༢༠༡༢ ཟླ་༩ ཚེས་༢ ཉིན་བོད་དུང་བས་བྲིས།