དམངས་གཙོའི་དུས་ཆེན་ལྔ་བཅུ་ང་གཉིས་པ་ལ་ཕུལ། །
སྒེར་གཅོད་ཆོས་སྲིད་རྒྱལ་པོས་བཅད་པ་ཡི། འབངས་མིར་དཔྱ་ཁྲལ་བགྲངས་བའི་ལུགས་དོར་ཏེ། འདྲ་མཉམ་མི་དམངས་གཙོ་བོར་འདོན་མཛད་པས། མཁས་མཛངས་མི་རྗེ་ཀུན་ལ་གུས་ཕྱག་འཚལ། ། སྤྱི་མཐུན་མི་དམངས་ཕྱྭ་གཡང་ཁར་ཁྱེར་ནས། སྤྱི་ཁྲིམས་མི་སྲུང་དམན་ལ་བཙན་རྒོལ་བས། སྤྱི་ནང་ཀུན་ལ་ངན་དུ་གྲགས་པ་ཡི། སྤྱི་དགྲ་རྒྱ་དམར་གཞུང་ལ་རྟག་ཏུ་རྒོལ། །
སྤྱི་ལོ་གཅིག་སྟོང་དགུ་བརྒྱ་དྲུག་ཅུའི་ལོའི། ཟླ་བ་དགུ་པའི་ཚེས་པ་གཉིས་ཉིན་དེར། བོད་རིགས་དམངས་གཙོའི་ལས་འགུལ་སྤེལ་བ་ནས། ལོ་འཁོར་ལྔ་བཅུ་ང་གཉིས་འདས་དྲན་གསོས། ། སྡུག་གི་མུན་པ་འཐིབ་པའི་ཚེས་རེའུ་ནང་། སྐྱིད་ཀྱི་ལོ་རྒྱུས་རི་མོ་ཟད་ན་ཡང་། བསུབ་མེད་བཞག་པའི་མིག་ཆུས་འཕྲེང་བ་དེ། མི་འདོད་དུས་ཀྱི་སྐེ་ལ་དཀྲིས་ནས་བྱུང་། ། བཟོད་མེད་མཚོན་ཆས་དཔུང་གིས་སྟོབས་ཤུགས་དང་། ཚད་མེད་བསམ་ལོག་སྒོམ་ཆེན་ཉམས་སྣང་སོགས། བཟློག་མེད་གླེན་དད་ཞིག་གི་ཐུ་གཤམ་ནས། བསམ་མེད་མང་ཚོགས་ས་ཡ་ས་འོག་བསྣུབས། ། སུམ་ཕྱེད་འཛམ་གླིང་ཁྱོན་ལ་དབང་བསྒྱུར་ཞེས། རྫུན་གཏམ་སྟག་མོའི་འཛུམ་ལ་ཐུགས་གཡེང་ནས། ཡོད་ཚད་གནམ་ལྷའི་ཞལ་དུ་བསྟབས་པ་ཡིས། བློ་གྲོས་རྣོན་པོའི་བློ་འདི་ཀྱེ་མ་ཧུད། ། མི་ལོ་ལྔ་བཅུ་གཅིག་གི་མར་གཤམ་ཀྱི། དེ་རིང་ཉི་མ་དམར་ཐོག་ཆད་ཚུད་ཆོད། དམངས་ལ་དབང་བའི་བསམ་བློ་མ་བརྗེས་པར། དམངས་གཙོ་ཀ་མེད་ཁོག་སྟོང་གདུང་གཅིག་མཚར། ། རྒྱལ་རབས་ཕྲེང་བའི་གླེག་བམ་ཆུས་མ་ཞིག །མི་རིགས་གསོན་པོའི་ལྟོ་གོས་མདངས་མ་ཡལ། བཙན་གནོད་དབང་འོག་དབང་མེད་འཚུད་ན་ཡང་། མི་ཉམས་སྙིང་སྟོབས་དགུ་བརྩེགས་དགུང་ལ་འཕར། ། དུང་ཕྱུར་བཅུ་ཡི་རྒྱ་འབུ་དམར་ལེབ་ཁྲོད། དུང་བ་ལྷོད་མེད་རང་རིགས་སྤུན་ཟླ་ཀུན། དུང་དུང་རིག་གཞུང་རང་རྐང་འཛིན་བྱས་ནས། དུང་བ་ཟབ་མོའི་བག་ཆགས་སྙིང་ལ་སྡུག ། ། གཅིག་དགུ་དགུ་བརྒྱད་ལོ་ནས་ད་ལྟའི་བར། རིན་བྲལ་མི་ལུས་ལྔ་བཅུ་མེར་བསྲེགས་ཏེ། རང་རིགས་རིག་གཞུང་ལྡན་པའི་བོད་རྒྱལ་ཁབ། རང་འཁྲིའི་ལས་འགན་ལྕི་བས་ལོ་རྒྱུས་བྲིས། ། བཅོས་བསྒྱུར་སྐབས་སུ་མཚོན་རྩེར་གུམ་པ་དང་། ཉེས་འགེལ་ཉེས་མེད་བཙོན་མནར་དམར་གསོད་ནས། འཐབ་རྩོད་རང་ལུས་མེ་ལ་ཞུགས་འབུལ་་ཀུན། ཆུད་གཟན་མེད་པར་རང་བཙན་རྩོད་ལེན་མཛོད། ། མདོར་ན་དམངས་ལ་གཙོ་བོར་དབང་བ་ན། གཅིག་བསམ་བོད་ལ་རང་དབང་རང་བཙན་རྩོད། དོན་མེད་ས་མཐའི་གྲོད་གསོས་ལམ་དོར་ནས། ཕྱི་ཐོག་རིང་བོའི་རང་རིགས་ལར་ཞེན་མཛོད། ། ཅེས་སེམས་གཏིང་ནས་ཕུལ་ལོ། །