ངོ་དེབ་ན་འདི་འདྲ་ཞིག་བྲིས་འདུག་་་་
ངོ་དེབ་ན་འདི་འདྲ་ཞིག་བྲིས་འདུག་་་་
འདི་ སྐད་བདག་གིས་ཐོས་པ་དུས་གཅིག་ན། ཡུལ་རྡ་རམ་ས་ལར་ རྒྱལ་བ་རིན་པོ་ཆེ་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དུ་བཞུགས་ནས་དབུ་ མའི་ལམ་ལ་མཉམ་པར་བཞག་པ་དང་། ཡང་དེའི་ཚེ་བཙུན་པ་ཟམ་གདོང་བླ་མ་དབུ་མའི་ལམ་ལ་མཉམ་པར་བཞག་གོ དེ་ནས་བོད་མི་རྣམས་ཀྱི་སྐུ་ཚབ་སྤྱི་འཐུས་རྣམས་ཀྱིས་བཙུན་པ་ཟམ་གདོང་བླ་མ་ལ་ འདི་སྐད་ ཅེས་སྨྲས་སོ།། གང་བོད་ཀྱི་མི་འམ་བོད་དོན་རྒྱབ་སྐྱོར་བའམ། བོད་དོན་ལས་འགུལ་སྤེལ་མཁན་དག་གིས བོད་ཀྱི་བདེ་སྐྱིད་དམ།
བོད་ཀྱི་རང་དབང་ངམ། བོད་ཀྱི་རྩ་དོན་ཇི་ལྟར་རྩོད་པར་བྱ། དེ་སྐད་ཅེས་སྨྲས་པ་དང། བཙུན་པ་ཟམ་གདོང་བླ་མས་འདི་སྐད་ཅེས་སྨྲས་སོ། གང་བོད་ཀྱི་མི་འམ་བོད་དོན་རྒྱབ་སྐྱོར་བའམ། བོད་དོན་ལས་འགུལ་སྤེལ་མཁན་དག་གིས་འདི་ལྟར་རྩོད་པར་བྱ་སྟེ། བོད་རྒྱ་ལས་ལོགས་སུ་མ་མཆིས་པ་དང་། རྒྱ་ཡང་བོད་དང་ངོ་བོ་དབྱེར་ཐབས་མེད་པར་འབྲེལ་བར་གནས་པར་བལྟ་བར་བྱ་ཞིང་། དེ་བཞིན་དུ་བོད་ཀྱི་རྒྱལ་ཁབ་ཀྱང་ལོགས་སུ་མ་མཆིས་པ་དང། བོད་ཀྱི་བདེ་སྐྱིད་ཀྱང་ལོགས་སུ་མ་མཆིས་པ་དང་། བོད་ཀྱི་རང་དབང་ཀྱང་ལོགས་སུ་མ་མཆིས་པ་དང་། རྩ་དོན་ཀྱང་ལོགས་སུ་མ་མཆིས་སོ།། གང་བོད་མི་ཡིན་པ་དེ་ནི་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་འབངས་ཡིན་ལ། ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་དེ་ནི་བོད་ཀྱི་རང་རྒྱལ་ཡིན་ནོ། དེ་ལྟ་བས་ན་བོད་ལ་ཀྲུང་གོ་ལས་ལོགས་སུ། རྒྱལ་ཁབ་མེད། ཁྲིམས་ལུགས་མེད། ཕྱི་འབྲེལ་མེད། དམག་དཔུང་མེད་དོ།། དེ་བཞིན་དུ་བདེ་སྐྱིད་དང་། རང་དབང་དང། མ་ཐོབ་པའང་མེད་ལ་ཐོབ་པ་འང་མེད་དོ། དེ་ལྟ་བས་ན་བོད་དོན་བདེན་མཐའ་གསལ་བར་བྱེད་པ་ལ་ལམ་འདི་ཉིད་སྒོམ་པར་བྱ་ཞིང་ ཡིད་ལ་བཅངས་པར་བྱའོ།། འདི་ཉིད་བསླབ་པར་བྱའོ།། དེ་ནས་རྒྱལ་བ་རིན་པོ་བོད་མིའི་སྲིད་ཀྱི་དབུ་ཁྲིད་ལས་རྒལ་ཡོལ་དུ་ཕེབས་ནས། བཙུན་པ་ཟམ་གདོང་ལ་ ལེགས་སོ།། ལེགས་སོ།། རིགས་ཀྱི་བུ་དེ་དེ་བཞིན་ནོ།། རིགས་ཀྱི་བུ་དེ་དེ་བཞིན་དེ་ཇི་ལྟར་ཁྱོད་ཀྱིས་བསྟན་པ་བཞིན་དུ་གཉིས་སྨན་དབུ་ མའི་ལམ་ལ་བརྩོན་པར་གྱིས་ཤིག དེ་སྐད་ཅེས་བཀའ་བསྩལ་ནས། ཚེ་དང་ལྡན་པ་བཙུན་པ་ཟམ་གདོང་དང་། སྤྱི་འཐུས་ལྷན་ཚོགས་དང་བཅས་པ་རྗེས་སུ་ཡི་རང་སྟེ། ཡེ་ཤེས་དབྱིངས་དཔྱད་ཀྱིས་གཟིགས་པའི་རྒྱལ་བའི་གསུངས་པ་ལ་མངོན་པར་བསྟོད་དོ།།