བོད་ནང་དུ་བོད་མི་གཅིག་སྟོང་ལྷག་གིས་༸རྒྱལ་བའི་སྐུ་པར་སྒྲེང་ཁྱེར། (པར)
ཉེ་ཆར་ཕྱི་ཟླ་༨ ཚེས་༣༡ ཉིན། རྒྱ་མིས་ཟི་ཁྲོན་ཞིང་ཆེན། འབའ་ཐང་རྫོང་། གླིང་ཁ་ཆུས་ཟེར་བའི་ཁོངས་གཏོགས། གླིང་ཁ་གཤིས་པའི་རྙིང་མའི་དགོན་སྡེ། བྱང་དཀར་དགོན་དུ་བདུད་འདུལ་གླིང་པའི་ཡང་སྲིད་སྤྲུལ་སྐུ་བསྟན་འཛིན་ཉི་མ་ཁྲི་སྟོན་མཛད་སྒོ་ཞིག་ཚོགས་གནང་ཡོད་འདུག་ལ།
སྐབས་དེར་དགོན་པའི་ནང་དུ་ཡང་སྲིད་ཕེབས་བསུ་སོགས་ཀྱི་སྐབས་བོད་མི་ཁྲི་གཅིག་ལྷག་ཙམ་འདུ་འཛོམས་བྱུང་ཡོད་པ་དང་། ཆིབས་བསུའི་སྐབས་དད་ལྡན་མང་ཚོགས་གཅིག་སྟོང་ལྷག་གིས་འཕྲུལ་རྟའི་སྟེང་དུ་༸གོང་ས་མཆོག་གི་སྐུ་པར་འདྲ་མིན་སྒྲེང་ཁྱེར་གྱིས་རུ་བསྟར་སྒྲིག་ཡོད་འདུག
སྤྱིར་ན་༡༩༩༨ ཡན་མན་ནས་ས་གནས་འདིར་རྒྱ་མིས་བཙན་ཤེད་ཀྱིས་གཏེར་ཁ་སྔོག་འདོན་གྱིས་ཁོར་ཡུག་ལ་གཏོར་བརླག་གཏོང་གིན་ཡོད་པར་བོད་མི་ཚོས་ངོ་རྒོལ་བྱས་པར་བརྟེན། ༢༠༠༩་ཕྱི་ཟླ་༡༢ པའི་ནང་གླིང་ཁ་གཤིས་ཡ་སོ་སྡེ་བའི་བུ་རང་ལོ་༡༨ ཅན་དགྱེས་དགའ་ཞེས་པས་བོད་ཀྱི་རྒྱལ་དར་ཁྱེར་ཏེ་ངོ་རྒོལ་བྱས་སྐབས་འཛིན་བཟུང་བྱས་པ་དང་། ༢༠༠༩་ལོའི་ལོ་འཇུག་ཙམ་ན་གཏེར་ཁ་སྔོག་འདོན་པར་ངོ་རྒོལ་བྱས་པར་བརྟེན་བོད་མི་༢༠ ཙམ་བཙོན་འཇུག་དང་། ཕོ་སར་ཚུལ་ཁྲིམས་ཆོས་འཕེལ་ཞེས་པ་བཅར་རྡུང་དྲག་པོ་བྱས་ཏེ་བསད་ཡོད། དེ་རྗེས་ཞིང་ཁ་མི་འདེབས་པ་སོགས་ཀྱི་ངོ་རྒོལ་རིམ་པར་བྱས་ཡོད། ༢༠༡༠་ཕྱི་ཟླ་༤ པའི་ཚེས་༡༩ ཉིན་ཡ་སོ་སྡེ་བའི་གྲྭ་པ་རང་ལོ་༢༣ ཅན་པད་ཕྲུག་ཅེས་པས་ངོ་རྒོལ་སྐད་འབོད་བྱས་པར་བརྟེན་འཛིན་བཟུང་བཙོན་འཇུག་བྱས་པ་སོགས་ཀྱི་གནས་ཚུལ་རིམ་པར་ཐོན་ཡོད་པ་རེད་འདུག