འབོ་ར་དགོན་པའི་གྲྭ་པ་ཞིག་འཛིན་བཟུང་།
གསར་དུ་གནས་ཚུལ་འབྱོར་བ་ལྟར་ན། ད་ལོའི་ཕྱི་ཟླ་༨པའི་ཚེས་༢༨ཉིན་འབོ་ར་དགོན་པའི་གྲྭ་བསྐལ་བཟང་རྒྱ་མཚོ་གཙོས་གྲོང་ཁྱེར་ནས་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པ་རེད།
རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སྡོད་གྲྭ་བསོད་ནམས་ཀྱིས་མཁོ་སྤྲོད་གནང་དོན་ལྟར་ན། སྤྱིར་བཏང་དབྱར་ཁའི་བོད་ཟླ་དྲུག་པ་དང་བདུན་པའི་ནང་གྲྭ་པ་ཚོ་དབྱར་གནས་ལ་བཞུགས་ཡོད་ནའང། ཉིན་དེར་གྲྭ་སྐལ་བཟང་རྒྱ་མཚོ་དང་ཁོང་གི་གྲོགས་པོ་ཁ་ཤས་བཅས་ལས་དོན་ཞིག་གི་ཆེད་ཉིན་གཅིག་གི་དགོངས་པ་ཞུས་ཏེ། འབོ་ར་ནས་སྤྱི་ལེ་ཉི་ཤུ་ལྷག་ཡོད་པའི་གཙོ་གྲོང་ཁྱེར་ལ་སོང་ནས་ཕྱི་དྲོའི་ཆུ་ཚོད་༨:༣༠ཡིའི་སྟེང་ཚུར་ཡོང་ཁར་ཤར་ལམ་དང་བོའི་གཡས་ངོས་ཀྱི་༼བདེ་སྐྱིད་ཁྲུས་ཁང་༽ཟེར་བའི་ནང་གྲོགས་པོ་ཚོ་དང་མཉམ་དུ་ཁྲུས་བྱེད་དུ་སོང་ཡོད་པ་དང་། དེར་སྒྲིག་ཆས་གྱོན་ཡོད་མེད་ཀྱི་དྲག་ཆས་ཉེན་རྟོག་མི་སྣ་མང་པོ་ཞིག་སླེབས་ཏེ་སྐལ་བཟང་རྒྱ་མཚོ་འཛིན་གྲབས་བྱེད་དུས་ཁོང་གི་རོགས་པ་ཚོས། ཁོང་སྐལ་བཟང་རྒྱ་མཚོ་མ་རེད་འཛིན་དགོས་པའི་ཉེས་པ་གང་ཡང་མེད་པས་ཅིའི་ཕྱིར་བཟུང་བ་རེད་ཟེར་ནས་ཁོང་ཚོས་ཀྱང་ཕྱིར་འཐེན་བྱས་པར། ཉེན་རྟོག་པས་རོགས་པ་ཚང་མ་སར་མནན་ཏེ་སྐལ་བཟང་རྒྱ་མཚོ་བཙན་གྱིས་ཉེན་རྟོག་རླངས་འཁོར་ནང་བཅུག་སྟེ་གྲྭ་པ་ཚོའི་རེ་འདུན་ལ་ཉན་འཇོག་རྩ་བ་ནས་མ་བྱས་པར་བཙན་ཁྲིད་བྱས་འདུག
ཕྱིའི་ཉིན་ཁོང་གི་ནང་མིས་ཉིན་གཉིས་ཀྱིས་རྫོང་ཐོག་གི་འབྲེལ་ཡོད་ལས་ཁུངས་ཁག་ལ་དེའི་སྐོར་གྱི་སྐད་ཆ་དྲིས་ཀྱང་མ་ཤེས་སྐོར་བརྗོད་འདུག གྲྭ་སྐལ་བཟང་རྒྱ་མཚོའི་སྐྱེས་ཡུལ་གཡག་པ་ཡར་ནས་སྡེ་པ་དང་། ད་ལྟ་འབོ་ར་དགོན་པའི་དབུ་མ་འཛིན་གྲྭ། རང་ལོ་༢༨ ཡིན་འདུག ཕ་མིང་ལ་སྐལ་བཟང་ཚེ་རིང་། ཨ་མའི་མིང་ལ་འགྲོན་བུ་ཟེར་གྱི་ཡོད་འདུག
གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཁོང་འཛིན་བཟུང་བྱེད་དགོས་དོན་ད་ལོའི་ཕྱི་ཟླ་༣ པའི་ཚེས་༢༠ ཉིན། འབོ་ར་དགོན་པའི་གྲྭ་མང་གིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱེད་སྐབས་མཉམ་ཞུགས་བྱས་པས་ཡིན་རྒྱུ་རེད་ཟེར་བ་ལས་གསལ་བོ་ཤེས་རྟོགས་མི་འདུག གནས་ཚུལ་མཁོ་སྤྲོད་པས་བརྗོད་རྒྱུར། སྤྱིར་ཀན་ལྷོ་དང་བླ་བྲང་ཕྱོགས་ན་འདི་དང་འདི་ལྟ་བུའི་རྒྱ་གཞུང་གིས་ཉེས་ཅན་མི་སྣར་བརྩིས་ནས་འཛིན་བཟུང་བཀོད་ཁྱབ་བཏང་ཡོད་པ་མི་ཉི་ཤུ་ལྷག་ཡོད་པ་ལས་ཁོང་དེའི་གྲས་ཀྱི་གཅིག་རེད་ཟེར།
རྒྱུ་མཚན་ད་ལོར་བོད་ཟླ་བཞི་བའི་ནང་དགེ་བའི་བཤེས་གཉེན་ཆེན་པོ་ཨ་ཁུ་འཇམ་དབྱངས་རྒྱ་མཚོ་ཚང་གིས་ཁོ་ཚེ་རུ་དུས་དབང་གནང་སྐབས། སྲིད་གཞུང་གིས་ཉེན་རྟོག་པའི་ལག་ཏུ་ཤོག་དཀར་ངོས་སུ་ཉེས་ཅན་དུ་བགྲང་རྒྱུའི་མི་སྣ་དག་གི་འདྲ་པར་དང་། མིང་། ཁ་པར་ཨང་གྲངས་བཅས་མཉམ་དུ་ཡོད་པ་དག་བཞག་སྟེ་འཛིན་བཟུང་བྱ་དགོས་པའི་བཀའ་བཏང་འདུག དེའི་ནང་དུ་འབོ་ར་དགོན་པའི་གྲྭ་བ་ཁ་ཤས་ཀྱི་མིང་ཐོ་ཡོད་པ་མཐོང་འདུག དེའི་ཕྱིར་ཁ་སང་དེ་རིང་འབོ་ར་དགོན་པའི་གྲྭ་བ་རེ་གཉིས་ཤིག་དགོན་པ་ནས་འདུག་མ་ཐུབ་པར་གང་སར་ཡིབས་ཏེ་ཡོད་པ་རེད་ཟེར། གོང་གི་པར་དེ་ཡང་དེའི་ནང་ནས་གསང་སྟབས་ཀྱིས་ཐོན་པ་ཞིག་རེད། གཞན་ད་ལོའི་གོང་གི་ཟླ་ཚེས་ཉིན་གྲྭ་མང་གིས་ངོ་རྒོལ་བྱས་རྗེས་འཛིན་བཟུང་བྱས་ཟིན་པའི་ཚ་ངུ་ཐང་སྡེ་བའི་གྲྭ་དཀོན་མཆོག་རྒྱ་མཚོ་ད་ལྟ་ཡང་ས་གནས་གང་ཞིག་ཏུ་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་གནས་ཚུལ་གསལ་བོ་ཤེས་རྟོགས་མེད་པར་ལྷག་ཡོད།
ཟླ་༨ ཚེས་༢༩ཉིན། ཞིང་ཆེན་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་གཞོན་པ་ཤཱ་གྲུ་མེས་(夏志眉)ཟེར་བའི་རྒྱ་མོ་ཞིག་གིས་སྣེ་ཁྲིད་འོག ཁུལ་དང་རྫོང་ས་གནས་སྲིད་གཞུང་གི་མི་སྣ་སུམ་ཅུ་མ་ཟིན་ཙམ་གསར་འགོད་པ་དང་མཉམ་དགོན་པར་འབྱོར་དེ། གྲྭ་མང་ལ་འདོད་པ་ཡོད་མེད་ལ་མ་ལྟོས་པར་ཁྲིམས་ལུགས་སློབ་གསོ་ཞིག་དགོན་པའི་ཚོགས་ཆེན་འདུ་ཁང་གི་མདུན་དུ་སྤེལ་ཡོད་སྐོར་སོགས་འགྲེལ་བརྗོད་གནང་སོང་།
མོན་གྷོ་གསར་འགོད་པས།