ཆབ་སྲིད་ཀྱི་ལངས་ཕྱོགས་དཔེ་དང་སྦྱར་བ།
༧གོང་ས་མཆོག་གི་ཐུགས་དགོངས་ལས་འཁྲུངས་པའི་བོད་ཀྱི་ལས་དབང་ཐག་གཅོད་ཀྱི་སྣེ་མོ་གཅིག་སྟེ། མིང་དུ་གྲགས་པའི་དབུ་མའི་ལམ། འདིའི་སྲོལ་གོང་ས་མཆོག་གིས་བཏོད་ཅིང་། དད་པའི་རྗེས་འབྲང་ཁག་དང་གྲགས་པའི་རྗེས་འབྲང་ཁག་ནས་འདྲ་ཆགས་ཆགས་དང་འབྲེལ་ཡོད་ཡོད་ལྟ་བུས། ཁ་མཁས་དང་ཚིག་སྙན་ལྟ་བུས། འཇམ་པོ་དང་རྩུབ་པོས། བཙན་དབང་དང་རྒྱུད་བསྐུལ་སོགས་གང་འདུལ་གྱི་ཐབས་ཚུལ་སྣ་ཚོགས་བེད་སྤྱད་དེ་དར་ཁྱབ་ཕྱིན་པ་རེད་འདུག
དེ་མིན་རང་བཙན་གྱི་ལྟ་གྲུབ་ནི། མགོ་ཁུངས་ལོ་རྒྱུས་ལ་ཐུག་ཅིང་། རྩ་བ་སེམས་ཤུགས་དང་ལ་རྒྱ་ལ་བརྟེན་དེ་ད་སྐབས་མ་ཤི་གསོན་ཙམ་བྱུང་བ་ཡིན་འདུག འདི་གཉིས་ཀ་བོད་ཀྱི་རྩ་དོན་བསྒྲུབ་པའི་ཐབས་ལམ་རེ་ཡིན་པ་ཡོངས་སུ་ཁ་མཐུན་པ་ཡིན་ལ། གཉིས་ཀར་འཚེ་མེད་ཞི་བའི་ཐབས་ལམ་བརྒྱུད་དེ་ཕེབས་ན་དུས་དང་འཚམས་མིན་མི་ཤེས་ཀྱང་། འུ་ཚོའི་འཐབ་རྩོད་པའི་ཁ་སྟབས་དང་གནས་བབ་ལ་བལྟོས་ན་ནི་འོས་འཚམས་ཡིན། དམིགས་ཡུལ་འདྲ་ས་ནི་བོད་ཀྱི་མདུན་ལམ་རེད་ལ་མི་འདྲ་ས་ནི་རང་བཙན་དང་རང་སྐྱོང་གི་བར་ཁྱད་རེད། དམིགས་ཡུལ་རེ་བསྙེགས་ཀྱིས་ཐབས་ལམ་སྒྲུབ་བྱེད་ནི་མཐུན་རྐྱེན་ཉུང་ལ་འགལ་རྐྱེན་མང་བས། བློས་གཏོང་ཆེ་ཆུང་དང་བསྟུན་མཁས་བྱས་མིན་གྱིས་རྒྱུ་ཚོགས་ལ་ཕན་དགེ་གནོད་གྲོགས་འགྲོ་བ་དེ་འདྲ་ལར་ནས་མ་རེད། སྒྲུབ་ཚུལ་ནི། སློང་སྟེ་བསྒྲུབས་པ་དང་བརྩད་དེ་བསྒྲུབས་པའི་ཁྱད་པར་ཏེ། དཔེར་ན། ལོངས་སྤྱོད་རང་ཉིད་དང་བཅས་པར་དབང་བའི་བདག་པོར་བྲན་འབང་གིས་ཁ་དབང་སློང་བ་དང་། ལོ་རྒྱུས་ཀྱི་དཔང་ཐུབ་པའི་ཁ་དབང་ས་ཁང་དང་བཅས་པར་གཞན་གྱིས་བཙན་འཕྲོག་བྱས་པར། རང་ནོར་རང་བདག་དང་ཁ་དབང་ཕྱིར་སློག་དགོས་པ་འདྲ་མཉམ་དང་གནས་ལུགས་ལྡན་པའི་སྒོ་ནས་འཐད་སྒྲུབ་དང་འཐབ་རྩོད་བྱེད་པ་ལྟ་བུའོ། ཁྱོད་དང་ཁ་དབང་ཡོངས་རྫོགས་དབང་བའི་བདག་པོས་ཁྱོད་ལ་བྱམས་བརྩེས་གཟིགས་པ་མི་དམན་ན། ཁྱོད་ཀྱི་རེ་འདོད་བསྐང་སྲིད་ལ་མི་བསྐངས་ཤས་ཀྱང་ཆེ། གལ་སྲིད་མ་བསྐངས་བའི་དབང་དུ་བཏང་ན་ཁྱོད་ཀྱིས་གཏུགས་བཤེར་བྱེད་ས་མེད་ལ་ངོ་རྒོལ་བྱེད་ས་ཡང་དེ་བས་མེད། རྒྱུ་མཚན། ཁྱོད་དང་ཁ་དབང་བཅས་པ་ཁོ་ལ་དབང་ཞིང་ཁོ་ལ་དག་པས་སོ། སྐབས་དེ་དུས་དྲང་བདེན་གྱིས་ཐིག་བཟུང་བའི་བར་དཔང་དང་གཟུ་བ་རྣམ་པས་ཀྱང་། དགེ་བལྟོས་ཉམས་གཟིགས་ལྟ་བུས་གཅིག་གནང་ན་ལས་མ་གནང་ཡང་ཟེར་མེད་གཏམ་མེད་ལྟ་བུའི་གཟུ་དང་དཔང་འཕེན་ངེས་པས། ཁྱོད་ནི་བདག་པོ་དང་འགྲས་ཤིང་ཁ་དབང་ཡང་མེད་པའི་ཚ་ཤོར་མཛོ་ཤོར་ལས་འོང་རྒྱུ་ཅི་ཡང་མེད་དོ། དེའི་ཚེ་བཙན་གནོན་དང་སྒེར་སྤྱོད་སོགས་ཀྱང་དེ་ཙམ་འབོད་འོས་མི་ཆེ་སྟེ། ཁོ་རང་ལ་དབང་བའི་ཅ་དངོས་དང་། ཁོ་རང་སྒེར་གྱི་བྲན་གཡོག་བེད་སྤྱོད་ཇི་ལྟར་གཏང་རུང་ཁོ་རང་བདག་དབང་ཡིན་པས་སུ་ལ་ཡང་ཐེ་གཏོགས་བྱ་དབང་མེད་པས་སོ། གཞན་ལོ་རྒྱུས་ཀྱི་དཔང་དང་བཅས་པའི་གྱོད་དོན་གཏུགས་བཤེར་གྱིས་སྒོ་ནས་ཁ་དབང་ས་ཁང་དང་བཅས་པར་ཕྱིར་སློག་བྱ་དགོས་ངན་བགྲང་རྩོད་བརྒྱག་གིས་རྒྱུན་བསྐྱངས་ཕྱིན་ཚེ། ཁ་དབང་ཕྱིར་སློག་བྱ་སྲིད་ལ་མི་སློག་ཀྱང་སྲིད། གལ་སྲིད་ཕྱིར་སློག་མ་བྱས་ཀྱང་དེ་ཙམ་གྱིས་ཚར་བ་མ་ཡིན་པས་གཟུ་དཔང་བཙལ། ངོ་བསྲུང་ཟས་ཕྱིར་མི་འབྲང་བར་བདེན་པའི་རྒྱབ་ཏུ་ལང་བའི་གཟུ་དཔང་ཞིག་ད་སྔོན་འཇིག་རྟེན་འདིར་སྐྱེ་མེད་དབང་དུ་བཏང་ཡང་། ད་ཕྱིན་མི་སྐྱེ་བའི་མ་ངེས་པས་དེའི་ཁ་རྩར་ཉེས་དོན་གཏུགས་བཤེར་གླེང་། སྟབས་ཡག་ན་ཁ་དབང་ས་ཁང་བཅས་པར་ཁྱོད་ལ་དབང་བའི་བཅད་ཁྲ་ཞིག་བདེན་དོན་ལ་གཞི་བཅོལ་ནས་གཏང་སྲིད་པ་རེད། དེ་ནས་དོ་བདག་གཟུ་དཔང་དང་བཅས་པས་དྲང་གཏམ་ཞིག་གཏན་ནས་མ་གླེང་ན། ད་ནི་ཁྱོད་རང་ལམ་འགག་གཉིས་ལས་མེད་པ་རེད། གཅིག་དེ་ཁོའི་ཁ་འོག་ལག་འོག་ཏུ་འགྲོ་ཤེས་ཝ་མོ་དང་། འདུག་ཤེས་རི་བོང་བཟོ་རྒྱུ་རེད། གཅིག་དེ་རང་ནུས་ལ་དཔག་པའི་ངོ་རྒོལ་ཐག་ཆོད་པ་གཅིག་བཟོ་རྒྱུ་དེ་རེད། དཔེ་དེ་དང་འདྲ་བར་འུ་ཚང་གི་འཐབ་རྩོད་ཀྱང་གཅིག་པ་རེད་པས་ད་ནི་གདམ་ཁ་ནོར་མི་ཉེན་པའི་དུས་ལ་སླེབས་ནས་འདུག་བསམ། གཞན་གནས་བབ་དང་དགོས་དབང་ལྟ་བུའི་ཁ་མཛེས་ཀྱིས་བཤད་པ་རིང་མོ་དེ་ཚོར། རྣ་བར་དེ་ཙམ་འཕྲོད་མ་བྱུང་ལ། ཡིད་ལ་དེ་ཙམ་ཞིམ་མ་བྱུང་། མ་ཟད་གཏམ་བཤད་ལ་བློ་ཡིད་འགུགས་པའི་བདེན་དོན་མེད་ན། ཚིག་ཚོགས་ཙམ་གྱིས་ཡིད་ཆེས་མི་སྐྱེ་འདུག་ལ། བཤད་ཡམ་ཙམ་གྱིས་དྭང་བ་མི་འདྲེན་འདུག་པས་དགོས་དམིགས་དང་འབྲེལ་བའི་བཤད་པ་རིང་ཐུང་ཅི་ཞིག་ཡིན་རུང་གནས་ལུགས་ཀྱིས་ཕྱུག་དགོས་ལ། རྒྱུ་མཚན་གྱིས་བལྟམ་དགོས། དབུ་མའི་ལམ་ལས་གཞན་དུ་བྱོལ་ནས་བསམ་ཚུལ་གྱི་གླེང་ཞིག་བསླངས་ན། ༧རྒྱལ་བའི་བཀའ་ལ་གྱེན་ཟློག་དང་། བཙན་བྱོལ་གཞུང་གི་ཁ་གཏད་ཡིན་པ། མཐོ་བ་ཟམ་གདོང་བླ་མ་ནས་ཐ་མ་ཤར་ཁུག་བར་གྱིས་བརྗོད་ཅིང་བཤད་པས། ད་སྐབས་རང་བཙན་འཐབ་རྩོད་པ་དག་ནི་མི་གྲལ་ནས་བུད་གྲབས་འདུག འདི་ནི་འུ་ཚང་ལ་བདེན་རྫུན་སྲང་ལ་འཇལ་བའི་བློ་མིག་དང་རང་ཚུགས་ཅན་གྱི་མི་མེད་སོང་བས་རེད་མ་གཏོགས་དངོས་གནས་བྱས་ན། བོད་འཆི་ལམ་ནས་བསྐྱབ་མཁན་རང་བཙན་པ་དང་དབུ་མ་པ་སུ་ཡིན་ཟམ་གདོང་རང་ཉིད་ལ་ཅི་ཆ་མེད་ན་གཞན་ལ་ལྟ་ཅི་སྨོས་པའི་ཕྱིར་རོ། དེས་ན་ད་ནི་མི་ཁས་འཇིགས་མིན་ཙམ་དང་གྲགས་པས་འུར་རྒྱུག་ཙམ་མིན་པར་འདིའི་ཕྱོགས་ལ། སྒྲུབ་བྱེད་སྔོན་དུ་བཙལ་ནས་དམ་བཅའ་རྗེས་ལ་འཇོག་པའི་གནས་སྟངས་ལས་དམ་བཅའ་སྔོན་ལ་བཞག་སྒྲུབ་བྱེད་རྗེས་སུ་བཙལ་བའི་ལད་མོ་འདི་ཚོ་གནང་ཐལ་ཆེ་རྒྱུ་མི་འདུག་བསམ་མོ།