བཀའ་དགོངས་སྒྲུབ་སྟངས་འདི་འདྲ་ཞིག

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༠༢  ཕྱི་ལོ་ ༢༠༡༢/༩/༥

ད་ལྟའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གླེང་ཕྱོགས་ཆེ་ཤོས་དེ་“སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨི་ཊ་ལིའི་གྲོང་ཁྱེར་མི་ལཱན་དང་ལ་དྭགས་བཅས་སུ་སྩལ་བའི་བཀའ་སློབ་”དེ་ཡིན་པ་དང། དེའི་ཐོག་ནས་ད་ལྟའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གླེང་ཕྱོགས་འདྲ་མིན་མང་པོ་ཐོན་བཞིན་ཡོད་ལ།

གཞིས་བྱེས་གཉིས་ཀ་བརྡ་འཕྲིན་གྱིས་གཅིག་ཏུ་སྦྲེལ་བའི་དུས་འདིར་བོད་ནང་དུའང་གླེང་ཕྱོགས་འདྲ་མིན་ཆགས་ངེས་པ་རེད། ༸གོང་ས་མཆོག་གིས་བཀའ་སློབ་སྔ་རྗེས་གཉིས་ཀའི་བསྟན་དོན་ངོ་མ་དེ་དགའ་ལྡན་ཕོ་བྲང་གི་མཚན་བྱང་ཕྱིར་འཐེན་གནང་ཡང། བོད་གཞུང་དགའ་ལྡན་ཕོ་བྲང་གི་ཁྲིམས་མཐུན་གྱི་རྒྱུན་དེ་མུ་མཐུད་དུ་གནས་ཡོད་པ་གསལ་སྟོན་གནང་ཆེད་དུ་རེད།

བོད་གཞུང་ཕྱིར་བསྡུ་བྱས་ནས་བོད་གཞུང་མེད་པ་ཆགས་པ་རེད་ཅེས་སོགས་དངོས་ཡོད་གནས་ཚུལ་མ་ཡིན་པའི་ཐོག་ནས་འགྲེལ་བརྗོད་བྱེད་མཁན་ཡང་བྱུང་ཡོད་པར་བརྟེན། བོད་རིགས་རྒྱ་ཆེའི་མི་མང་སྤྱི་དང་བྱེ་བྲག་གཞིས་བཞུགས་རྒྱ་ཆེའི་མི་མང་སེམས་ཤུགས་ཆག་གཞིར་འགྱུར་སྲིད་པའི་ཐུགས་དོགས་ལ་བརྟེན་ནས་གསུངས་པ་ཞིག་ཡིན་པའང་ཧ་ཅང་གསལ་པོ་ཡིན་པ་ལས། སྒྲིག་འཛུགས་བྱེ་བྲག་པ་དང། གང་ཟག་བྱེ་བྲག་པ་ཞིག་ལ་གནོན་ཤུགས་སྤྲོད་ཆེད་དུ་མིན་པ་ཁ་ཚོན་བཅད་ནས་བཤད་ཐུབ། བཀའ་སློབ་དེ་དག་༸གོང་ས་མཆོག་གིས་ཕ་གཅེས་པས་བུ་ལ་གདམ་པ་བཞིན་ཐུགས་བརྩེ་བ་ཆེན་པོས་གནང་བ་ཞིག་མ་རེད་ཅེས་སུས་བརྗོད་ནའང། དོན་དུ་དེ་ལ་ཆོས་འཇིག་རྟེན་གཉིས་ཐད་ནས་རྒྱུ་མཚན་ཚད་ལྡན་སྣ་གཅིག་བགྲང་རྒྱུ་མེད།

༸གོང་ས་མཆོག་གི་བཀའ་སློབ་དེ་ཕེབས་པ་ལ་བརྟེན་ནས་དྷ་ས་ཁུལ་གྱི་སྲིད་དོན་འཁྲབ་སྟོན་པ་མང་པོ་ཞིག་གིས་གོ་སྐབས་དེ་གལ་ཆེན་པོ་ཞིག་ཏུ་མཐོང་ནས། སྒྲིག་འཛུགས་འདྲ་མིན་གྱི་མིང་ཐོག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་ཁ་རྡུང་གཏོང་འགོ་ཚུགས་ཡོད་ལ། ཐ་ན་མགོན་པོ་མཆོག་གི་སྐུ་ཕྱྭར་བདོ་བའི་བྱས་ཉེས་ཅན་ཡིན་ཚུལ་ཡང་གླེང་སློང་བྱེད་བཞིན་ཡོད་པ་རེད། མི་དེ་རིགས་ཀྱིས་“རྡུང་རྒྱུ་རྔ་བརྡུང་ཡང་དམིགས་རྒྱུ་འདྲེ་དམིགས་”ཞེས་པ་ལྟར། ཁ་ནས་༸གོང་ས་མཆོག་གི་བཀའ་དགོངས་བསྒྲུབ་རྒྱུ་ཡིན་ཚུལ་བཤད་ཀྱང། དོན་དུ་ནང་ཁུལ་གྱི་མཐུན་ལམ་ལ་གཏོར་བཤིག་གཏོང་བ་ལྟ་བུའི་གླེང་ཕྱོགས་དང་བྱ་ངན་སྤེལ་འགོ་བཙུགས་པ་འདི་ལ་བརྟེན་ནས། བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ལའང་གནོན་སྐྱོན་ཆེན་པོར་འགྱུར་ངེས་པ་རེད།

ཕྱི་ལོ་༢༠༡༡ ལོར་བོད་གཞུང་གི་མཚན་བྱང་བརྗེ་བསྒྱུར་བྱས་པའི་དེ་མ་ཐག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྤེལ་བའི་གསལ་བསྒྲགས་ནང། “འགྱུར་བ་ཇི་ལྟར་ཕྱིན་ཀྱང། བོད་རྒྱལ་ཁབ་ཀྱི་བདག་པོ་ནི་བོད་མི་མང་ཡིན་པས། ང་ཚོའི་སེམས་ཤུགས་ནམ་ཡང་ཆག་མི་རུང་ལ། དགྲ་གཉེན་དེ་བས་ནོར་མི་རུང་བར་རྡོག་རྩ་ཆིག་སྒྲིལ་བྱ་རྒྱུ་ནི་ཧ་ཅང་གནད་ཆེ་བར་བརྟེན། དེ་རིང་གི་འགྱུར་བ་འདིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་བློ་ཕམ་ཤིན་ཏུ་ཆེ་ཡང། ང་ཚོའི་ཆིག་སྒྲིལ་དང་རེ་བ་གསོན་པོར་གནས་རྒྱུ་དེ་ཉིད་གལ་ཆེ་ཤོས་སུ་བརྩིས་ཏེ། བོད་མིའི་སྒྲིག་འཛུགས་ཟེར་བར་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་གཞུང་རང་ལ་ངོས་འཛིན་གུས་བཀུར་གྱིས་བཙན་བྱོལ་བོད་གཞུང་ཞེས་པའི་མཚན་བྱང་མུ་མཐུད་བེད་སྤྱོད་ཞུ་རྒྱུ་དང། དེ་བཞིན་གཞོན་ལྷན་གྱིས་རང་འགན་རང་ཁུར་ངང་མ་འོངས་པར་ཡང་སྔར་ལྟར། དམངས་གཙོའི་བརྒྱུད་རིམ་ལས་བརྒལ་བའི་སྒོ་ནས་འཕྱར་གྲུ་མཉམ་འདེགས་ཞུ་རྒྱུ་དེ་རིང་གསལ་བརྗོད་བྱ་རྒྱུ་མ་ཟད། དེ་བཞིན་གངས་ཅན་པ་ཡོངས་ནས་ཀྱང་གཞུང་བཀུར་ཆིག་སྒྲིལ་གནང་རྒྱུའི་གདེང་སྤོབས་དང་རེ་སྐུལ་ནན་པོ་ཞུ་རྒྱུ་ཡིན།”ཞེས་ཚིག་གནད་འདི་དག་འཁོད་ཡོད།

གོང་དུ་དྲངས་པའི་ཚིག་དུམ་དེ་“བཙན་བྱོལ་བོད་གཞུང་”ཞེས་པ་“བོད་མིའི་སྒྲིག་འཛུགས”སུ་བསྒྱུར་བའི་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་གཞུང་ཞེས་པའི་ཐ་སྙད་དེ་མུ་མཐུད་བེད་སྤྱོད་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་བྱས་པ་ལས། བོད་གཞུང་ཕྱིར་བསྡུ་བྱས་ཟིན་པ་དང། བོད་གཞུང་བསྡུ་གསོག་བརྒྱབ་སོང་ཞེས་དང། བོད་གཞུང་མེད་པ་ཆགས་པ་རེད་ཅེས་བརྗོད་ཡོད་མེད་སྐབས་དེའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གསལ་བསྒྲགས་བརྒྱུད་ལམ་ཁག་ཏུ་སྤེལ་བའི་དངོས་ཡོད་གནས་ཚུལ་ལ་གཟིགས་ན་གསལ་པོ་ཡིན་པ་མ་ཟད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་བོད་མི་ཡོངས་ཀྱིས་བོད་གཞུང་དེ་བོད་མིའི་སྒྲིག་འཛུགས་སུ་མིང་བསྒྱུར་ཟིན་ནའང་གུས་བཀུར་ཞུ་དགོས་པའི་རེ་སྐུལ་ནན་པོ་གསལ་བསྒྲགས་དེའི་ནང་ཞུས་ཡོད་པ་རེད།

༸གོང་ས་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་ལམ་སྟོན་བཀའ་སློབ་ཕེབས་པའི་གོ་སྐབས་དང་བསྟུན་ནས་སྐབས་འཚོལ་རིང་ལུགས་པ་ཚོས་བོད་མི་རིགས་ཀྱི་འཕྲལ་ཕུགས་གཉིས་ལ་བསམ་བློ་མ་བཏང་བའི་ཐོག་ནས་བྱ་འགུལ་སྤེལ་ཏེ། གཞོན་ནུ་ལྷན་ཚོགས་ཀྱི་ལས་དོན་དང་སྒྲིག་འཛུགས་ལ་གནོད་པའི་བྱ་བ་ཞིག་ཏུ་བསྒྱུར་སོང་ན། མ་འོངས་པར་བོད་མི་རིགས་ཀྱི་རྩ་དོན་དང་རེ་བ་རྩ་བརླག་ཏུ་སོང་བ་དང། ཆུང་ས་ནས་བཤད་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་ས་གཉིས་ཀྱི་རྒྱུན་ལས་ནང་ལས་ཀ་བྱེད་མྱོང་བའི་ན་གཞོན་རྣམས་ནི་སྙིང་སྟོབས་དང་སེམས་ཤུགས། ཤེས་ཡོན་དང་གཏམ་བཤད་བྱེད་སྟངས་ཚུན་ཆད་ནས་མི་རབས་གསར་པ་གསོ་སྐྱོང་བྱེད་རྒྱུའི་ནུས་པ་གཞུང་སྒེར་སུ་ལའང་མེད་པ་ཞིག་ཡིན་པ་ཤེས་གསལ་ཡིན་པས། ༸གོང་ས་མཆོག་གི་བཀའ་དགོངས་ཁ་རུ་ཁྱེར་ཏེ་གཞོན་ནུའི་སྒྲིག་འཛུགས་ལ་རྡུང་རྡེག་དང་བོད་ཀྱི་རྩ་དོན་ལ་གནོད་པ་མི་བྱེད་པའི་རེ་བ་ཡོད།།