དངོས་བྱུང་གི་སྒྲུང་གཏམ་གོང་མའི་འཕྲོ་མཐུད།

སྐྱ་རེངས་བུ་མོས་སྤྲིན་དཀར་གཡབ་ཏེ། ཞོགས་པའི་ཉི་གཞོན་མགྲོན་དུ་བསུས་ཞིང་། འཛུམ་ཞལ་འོད་ཀྱིས་སྒེའུ་ཁུང་ཕྱེས་ནས། གདོང་ལ་དྲོད་འཇམ་ཕྱག་གིས་བྱུགས་བྱུང་། ། འདུ་འཛིའི་འདུ་ལོང་ཆེ་བས་འུར་ཟིང་། ཚོང་ཟོག་ཡར་མར་སྐྱེད་འདྲེན་རླུང་འཁོར། གཅིག་ལས་གཅིག་མཁས་རང་ལྟོའི་ཆེད་དུ། དབུལ་ཕྱུག་གཉིས་ཀ་བྲེལ་ལ་ཕྱོགས་སོང་། །

གདོང་ལ་ཆབ་རྒྱུན་བསིལ་མས་བཀྲམ་ཅིང་། འཇམ་དར་ལག་རས་གཙང་མས་འབྱིད་ནས། སྤོས་ཐུར་རྐང་གཅིག་མེ་ལ་བསྲེག་ཞོར། བསང་མཆོད་ཁ་འདོན་རྒྱུན་ལྟར་བཏང་རྗེས། ། རྨི་ལམ་ཡིན་མིན་ཐེ་ཚོམ་གྱུར་པའི། ཁར་རྩང་ཕྱིར་དྲན་གློག་བརྙན་གསོན་པོ། གློ་བུར་ད་ལྟ་སེམས་ལ་འཁོར་དུས། ཤུགས་རིང་བརྔམས་པས་དབུགས་ཀྱང་རྔུབ་དཀའ། ། དབྱིན་མོའི་ཁང་མིག་བཙོན་ལས་གྲོལ་རྗེས། ཉིན་གུང་ལྟོ་ཟས་ཡི་ག་འགགས་ཏེ། རྐང་པའི་གོམ་སྟབས་ཡང་པོར་བཀྱགས་ནས། གློ་སྙིང་འདར་བཞིན་སྡོད་གནས་འབྱོར་བྱུང་། ། ཆུ་རྐྱང་ཤེལ་ཕོར་ཁ་ཤས་བཏུང་ནས། ཆུ་འགྲིལ་འགྲམ་རྩར་གོས་ཀྱིས་བསྐམས་ཏེ། ཆུ་ཐིག་རློན་བྱས་ནང་དོར་བརྗེས་ནས།  ཆུ་ཚོད་ཕྱེད་ཙམ་འཐོམ་མེར་བསྡད་ཡིན། ། རྩ་བའི་བླ་མ་ཡིད་ལ་བསྒོམ་ཞིང་། རྩ་གསུམ་ལྷ་ལ་གསོལ་འདེབས་བྱས་ཏེ། རྩ་རྒོད་ལྷོག་ལྷོག་འདར་བའི་སྙིང་ཁམས། རྩ་མདུད་བསྡམས་ནས་ལྷོད་ཐབས་བྱས་ཡིན། ། མི་ལོ་དུ་མར་ཁྲིམས་ལྡན་བྱས་ནས། མི་ཚེའི་ལོངས་སྤྱོད་ཕྱེད་ཀ་བོར་དུས། མི་འཛེམས་གློ་བུར་རྡོ་རྗེར་སྐེད་འཇུ། མི་ལེགས་འཕྲད་པ་ཐེངས་མ་དང་པོ། ། དཔེ་དེབ་ཁ་ཤས་ལྟ་ཀློག་བྱས་རུང་། གོ་དོན་གནད་ལ་འབབ་པ་མི་འདུག ། ལྟག་རྒྱབ་ལོག་ནས་བསམ་བློ་བཏང་དུས། ལྟོ་བར་ལྟོག་གཟེར་ཚོར་བ་སླེབས་བྱུང་། ། མགྲོན་ཞབས་ཁུངས་ལ་ཁ་པར་བཏང་ནས། ཟ་མ་རན་ཙམ་མངགས་ཉོ་བྱས་ཏེ། ཁེར་རྐྱང་ཁེར་བཟས་ལྷིང་འཇགས་ཁྲོད་དུ། རྨས་སྐྱོན་ཐེབས་པས་བྱ་བཞིན་བསྡད་ཡིན། ། སྲོད་ཀྱི་ཉི་ཟེར་དམར་པོར་གྱུར་ནས། ངོ་ཚས་ནུབ་རིར་ཡིབ་ནས་བྲོས་སོང་། བཙུན་པའི་ཁ་ནས་དམ་བཅའ་བྱས་པ། སོར་སྡོམ་རི་ལ་གབ་ནས་རལ་སོང་། ། ན་ཚ་ཞིག་གམ་ཆགས་པས་གཟིར་རམ། དབྱིན་མོར་རང་དབང་བྲལ་བས་བྱ་སྤྱོད། ཡང་ཡང་བསམ་གཞིག་ཀློང་ལ་བསྐོར་ནས། མགོ་བོ་འཕྱེད་ལ་གཡུག་གཡུག་བཏང་ཡིན། ། བོད་མོ་ངོ་ཚ་སྨིན་པོར་ཞེད་ཡང་། དབྱིན་མོ་ངོ་ཚ་བྲལ་དང་འཕྲད་ཏེ། སོར་སྡོམ་སོ་ཡིས་གཏུབ་གྲབས་བྱས་དེས། སེམས་པ་བྱང་སེམས་རི་ནས་འགྲིལ་བྱུང་། ། བསླབ་གསུམ་ངུར་སྨིག་བགོས་པའི་ཉིན་ནས། བསླབ་བྱའི་སྲུང་མཚམས་ཤེས་ནས་བཟུང་སྟེ། བསླབ་པ་ཁྱད་གསོད་མི་མཐུན་རིགས་དང་། བསླབ་མིན་གྲོགས་སོགས་སྤྱོད་པར་བརྟེན་མེད། ། ཕྱག་འབུམ་རྫོགས་ནས་རྔ་མར་བུད་ཡོད། ཁ་བསྐང་ཙམ་ཞིག་ཁ་གསོ་མཚལ་ཡིན། ཁར་སྣོན་སྨོན་ལམ་ཉིན་འགར་བྱས་ནས། ཁ་ཐོག་རིང་པོར་འགྲོ་བའི་མི་ཡིན། ། ཕྱག་འཕྲོ་སྨོན་ལམ་བཅད་ནས་མི་འགྲོ ། དབྱིན་མོར་སྡོམ་པ་འཆོར་དུ་མི་བཅུག ། སང་ཉིན་ཉིན་གཅིག་ཕྱི་ལ་མི་འགྲོས། དམ་བཅའ་ཡང་བསྡམས་ལྷོད་པོར་ཉལ་ཡིན། ། མདང་དགོང་རྨི་ལམ་བཟང་ངན་མི་དྲན། ལུས་པོར་ཕྱག་འབུམ་དགེ་བའི་བརྡུང་ནས། གཉིད་ཐུན་གཅིག་གི་ཅུང་ཟད་སྔོན་བར། གཏི་མུག་ཞིང་དུ་བརྒྱལ་ནས་བཞུགས་འདུག ། ། དེ་རིང་སྤོབས་པ་མཐོ་ཙམ་བྱས་ནས། ཕྱག་འཚལ་འགྲོ་འམ་མི་འགྲོ་བསམ་པས། ཡིད་གཉིས་བློ་ངོར་ཐག་གཅོད་མེད་ཀྱང་། ཞོགས་ཇ་ལྷོད་ཡངས་ངང་ནས་བཟས་ཡིན། ། སྤོབས་པའི་དྲྭ་བ་བག་ཡོད་རལ་གྲིས། གཏུབ་ནས་ཡིད་གཅིག་བློ་ཐག་བཅད་ཏེ། བསྡོད་པར་གྲོས་བཅད་ཤོག་སྨྱུག་བླངས་ནས། ཉིན་ཐོ་སྔར་བཞིན་འབྲི་མགོ་བརྩམ་ཡིན། ། ཆུང་ནས་ཆུང་འདྲིས་དགའ་ལོ་མ་རྙེད། ཆུང་བཅད་སྐྲ་ལོ་རླུང་ལ་བསྐུར་ནས། ཆུང་སྦྱང་གོམ་སྲོལ་ཆོས་ལམ་ཞིག་གིས། ཆུང་བཙིར་སེམས་ལ་བསྒྱུར་ཏུ་མི་བཏུབ། ། ཉི་མ་གཉིས་པའི་ཞོགས་སྔར་ལངས་ཏེ། ཕྱག་འབུལ་གཟུགས་བཞི་ཐང་ལ་བརྡབ་ནས། རྡུལ་ནག་མགོ་ལུས་ཡོངས་ལ་རྩེད་བཞིན། ཉེས་མེད་ལུས་པོར་ཆད་པ་བཅད་ཡིན། ། མནའ་ཟན་སྡིག་རྒན་ཟེར་མཁན་མ་བྱུང་། ཝ་བྲོས་སྐྱག་ཤོར་འབོད་མཁན་མེད་ཅིང་། ཟས་སྦྱོར་སྐད་འབོད་ཐོས་རྒྱུ་མེད་པར། ཉི་མ་བཞི་པའི་དགོང་མོ་རྫོགས་སོང་། ། ཉི་མ་ལྔ་པའི་ཕྱི་དྲོའི་དགོང་མོར།  ཕྱག་མཚམས་བཞག་ནས་ནང་ལ་ལོག་དུས། སྐོར་ལམ་རྒྱབ་ཕྱོགས་འགག་འཕྲེང་དེ་རུ། དབྱིན་མོ་མཛེས་མར་ཁ་ཐུག་བརྒྱབ་སོང་། ། ཁ་ངོར་སྔར་ལས་འཛུམ་ཞིག་ལངས་ནས། ཁར་ཉིན་དགོང་མོར་དགོངས་དག་ཞུས་ཆོག ། ཁ་རོགས་གྲྭ་བཙུན་ཞིག་དང་མཉམ་དུ། ཁ་བརྡ་བྱས་ནས་ཕྱི་པོ་ཆགས་ཟེར། ། དགོངས་དག་སེམས་ཆུང་དགོས་དོན་མི་འདུག ། དགོང་མོར་ང་ཡང་ཨ་ཐང་ཆད་ནས། ཕྱག་འབུལ་མཚམས་བཞག་ནང་ལ་ལོག་ཏེ། ངལ་གསོས་ངལ་བ་བསལ་ཡིན་ལབ་དུས། ། ཅུང་ཟད་དོགས་མ་བདེ་ཙམ་བྱས་ནས། ཁྱེད་རང་ད་ལྟ་སྡོད་གནས་གར་ཡོད། དེ་ནས་གང་དུ་འགྲོ་རྩིས་ཡོད་དམ། མ་གསུང་དྲང་པོར་ང་ལ་ཤོད་ཟེར། ། ད་ལྟ་གྲོང་གསེབ་དུད་ཚང་རྩར་ཡོད། དེ་ནས་ཝཱ་ནར་ཟླ་འགའ་བསྡད་ནས། མཐའ་མ་རྡ་སར་སྡོད་ཡིན་ལབ་པས། དྲང་མིན་གཡོ་རྒྱུས་གཏམ་ཞིག་སྨྲས་ཡིན། ། ཧ་ཅང་ཧང་སང་ངོ་མདོག་འགྱུར་ནས། ང་ཡང་འཆར་གཞི་དེ་ག་རང་ཡོད། ཁྱེད་རང་བོད་ཡིག་དགེ་རྒན་བརྟེན་ནས། མཉམ་འགྲོ་མཉམ་འདུག་འགྲོ་སོང་གཏོང་ཟེར། ། འདི་ནས་རྒྱུན་རིང་ག་ཚོད་འདུག་མིན། ཝཱ་ནར་ག་དུས་ལོག་ཡིན་གསུང་དང་། ལས་ཀ་ཆུང་རིགས་དག་ཙམ་ཡོད་པ། ཐོ་འགོད་དུས་བཅད་འཐུས་ཚང་དགོས་ཟེར། ། སང་ཉིན་ང་ཡི་ནང་ལ་སྤོས་ཤོག ། གྲོང་གསེབ་ཉེན་ཁའི་འཕྲེང་ནས་མ་སྡོད། ཉལ་ཁྲི་གཅིག་དེ་རང་ལ་དབང་ཆོག ། བསམ་བློ་ཡར་མར་མ་འཁོར་གསུངས་དུས། ། འདི་རུ་ད་དུང་ཟླ་འགར་འདུག་དགོས། བྲེལ་བ་དེ་འདྲ་ཆེ་བ་མ་གནང་། ཟླ་གཉིས་ཁང་གླ་སྔོན་ནས་སྤྲད་ཟིན། ཉེན་ཁ་མེད་པའི་ངོ་ཤེས་ཡིན་ལབ། ། ང་ཡང་གྲོད་པ་ལྟོགས་ནས་བསྡད་ཡོད། མཉམ་དུ་དགོང་ཟས་བཟའ་བར་འགྲོ་ཟེར། སྔོན་མའི་ཐུག་སྐམ་ཟ་ས་དེ་རུ། ཡང་སྐྱར་འཛོམས་ནས་བཟའ་བཏུང་རོལ་ཡིན། །