བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་དགག་རྒྱག་བྱས་ན་འཇུག་འབྲས་ཡོད་དམ།

བརྩེ་དུང་གི་ཁྲག་རྒྱུན་རུས་གསང་ན་བཞུར་བའི་འགྱུར་མེད་སྙིང་སྟོབས་ཀྱི་གོ་ཆ་ཐུགས་སུ་ཕབ་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་མིའི་རྩ་དོན་ཆེད་དུ་རང་དོན་བློས་གཏང་བྱས་ཏེ་ལོ་མང་གིས་འབད་བརྩོན་དང་དཀའ་སྤྱོད་ལ་བསམ་གཞིག་ནན་པོར་བཏང་ཚེ་དངོས་གནས་ཧ་ལས་པའི་ རང་རིགས་ཀྱིས་རྩ་དོན་ལ་བྱས་རྗེས་རླབས་ཆེན་བཞག་ཡོད་པ་ཀུན་གྱིས་མཁྱེན་དགོས་པའི་ དོན་དག་གལ་ཆེན་ཞིག་ཡིན་པར་ཤེས་དགོས།

 

བོད་མི་རྩམ་ཟན་ཞིག་ཡིན་ཚེ་གཞོན་ནུ་ལྷན་ཚོགས་ཀྱིས་ཕུགས་བསམ་དང་བདེན་དོན་གནས་ལུགས་ཀྱི་རྒྱབ་ལྗོངས་སུ་ཀྲོང་ངེར་ལངས་དགོས་པའི་འགན་ཁྲི་གཙོ་བོ་འུ་ཅག་གི་མ་འོངས་ཕ་ཁྱིམ་ གསར་བསྐྲུན་དགོས་པའི་རེ་འདོད་ཉག་གཅིག་ཡིན་པས་ཁ་ཞེས་མེད་པར་ལངས་ཕྱོགས་དེ་ལ་འཇུ་དགོས་པ་ཀུན་གྱིས་མ་ཤེས་ཐབས་མེད་ཡིན་ཚེ་གཅིག་འགྱུར་གྱིས་གོམ་སྟབས་མྱུར་ཏུ བསྒྱུར་དགོས་པ་ཡིན་ནོ།  

གཞོན་ནུ་ལྷན་ཚོགས་ཀྱིས་ལྟ་གྲུབ་དེ་ལ་གུ་ཡངས་སྒམ་དཀྱེལ་གྱི་ཁྱད་ནོར་ལྡན་པ་དང་སྒམ་ཚུགས་ཡོད་པ་མི་གཞིའི་རང་ཚུགས་གཞན་ཏུ་མ་བསྒྱུར་བར་བོད་མིའི་རྩ་དོན་དང་རིགས་གཞུང་སྲུང་སྐྱོབ་སོགས་སུ་འབད་པ་ལྷོད་མེད་གནང་བའི་གསར་བྱུང་གི་གཞོན་སྐྱེས་རྣམས་ལ་ཁ་ཕྱོགས་ལགས་པོ་བསྟན་པའི་ཕྱག་རྗེས་དང་མི་རབས་གོང་མ་རྣམས་ཀྱིས་ལུས་སེམས་ཀྱིས་ངལ་བརྩོལ་བྱས་པའི་ རིན་ཐང་རྡོ་ལ་མ་གཞས་པར་ས་གཞན་ལ་མ་མ་སྤྲད་པར་བསྐྱར་གསོ་དང་ཤུགས་སྣོན་བྱས་པ་ འདི་ཕྱོགས་སུ་བསམ་གཞིག་བཏང་ཚེ་བོད་ཀྱི་ལོ་རྒྱུས་ནང་དུ་རིན་བྲལ་གྱིས་མཛད་རྗེས་འོད་སྟོང་ལྡན་པ་གྲངས་མེད་བཞག་པ་འདི་མ་ཤེས་པའི་ཀླད་རྙིང་མགོ་འཁྲེག་ཧ་ཅང་མང་པོ་ཡོད་པ་འདི་ཚོ་མི་རིགས་ཀྱིས་ཞབས་འདྲེན་དང་དགྲ་བོ་རྒྱ་དམར་ཚང་དང་གཅིག་མཚུངས་རེད་ལབ་ན་མི་ཆོག་པ་གང་ཡང་མེད་པར་རྒྱུན་ལྡན་གྱི་སེམས་ཚོར་རྣོན་པོ་ཡོད། 

དགྲ་བོ་རྒྱ་དམར་ཚང་གི་ངོ་གདོང་ལ་དམར་ཧྲང་ངེར་འབུད་ཐུབ་མཁན་ཕྱི་བསྟོད་བོད་མིའི་ནང་ན་གཞོན་ནུ་ལྷན་ཚོགས་མ་གཏོག་མེད་པ་ཕྱི་ནང་གཉིས་ཀྱི་གསལ་བོར་ཤེས་བཞིན་ཡོད་པ་ར་སྤྲོད་མང་པོ་ཡོད་ཀྱང་འདིར་ཡིག་ཚོགས་མང་འགྲོ་བའི་རྐྱེན་གྱིས་མ་བགོད་པ་ཡིན།   

བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་ཁ་གཏད་དང་མདའ་འབེབས་དང་དམོད་ཚིག་བྱེད་མཁན་ གཞུང་ཞབས་པའི་མི་སྣ་མང་པོ་ཞིག་དང་དགྲ་བོ་རྒྱ་དམར་ཚང་ལ་ངོ་དགའ་ལྟ་མཁན་མགོ་བདེ་ གཡོ་འཕྲུལ་ཅན་དག་གིས་ལས་བྱ་ལ་ལྟོས་དང་ཧ་ལས་དགོས་པའི་རང་རིགས་ཀྱིས་རྩ་དོན་རླུང་ལ་བསྐུར་བཞིན་པའི་ཁྲེལ་མེད་འདི་ཚོ་མཐོང་ཚེ་སེམས་གཏིང་ལ་ལྕིད་ཏིག་ཏིག་ཚོར་ཤུགས་དྲག་ཏུ་ བསྐྲུན་གྱིན་འདུག།།  

ད་དུང་ཁ་བདེ་ཁོག་བདེ་དང་ཚིག་སྙན་སྙན་ལགས་ལགས་མང་པོ་བདེ་སྤྱོད་བཏང་སྟེ་རང་གཞུང་ལ་ངོ་རྒོལ་དང་མཐོང་ཆུང་རེད་ཞེས་འདྲ་མིན་ལབ་གླེང་བྱས་ཏེ་དོན་མེད་རྙོང་གླེང་གྲངས་མེད་ཀྱིས་ མགོ་བོ་རྩོམ་བཞིན་བོད་ཀྱི་ལོ་རྒྱུས་ནང་ཏུ་དེབ་ཐར་ནག་པོ་བཟོས་ལུགས་ལ་ལྟོས་དང་ཤེས་ཡོན་པ་དང་ཆབ་སྲིད་པའི་སྣེ་ཁྲིད་མཁན་ཞིག་ཡིན་མདོག་མདོག་བྱས་པའི་ཟློས་གར་འཁྲབ་ཚུལ་ སོགས་སུ་བསམ་བློ་གཏང་ཚེ་སེམས་གཏིང་ལ་ཡིད་ཆད་དང་སུན་སྣང་གྲངས་མེད་སྟེར་གྱིན་འདུག།

གཞུང་དང་རྒྱལ་བ་རིན་པོ་ཆེ་བདེ་སྤྱོད་སྣ་ཚོགས་བཏང་སྟེ་དབུ་མའི་ལས་འགུལ་ཚོགས་པ་ཞེས་གཞན་ལ་འཇིག་བསྐུལ་དང་རྫུན་བཟོས་འདྲ་འབག་འཐུག་པོར་གྱོན་ཏེ་ཕུགས་མེད་གཡམ་རྒྱུག་གིས་ལས་ལ་བྲེལ་ཏེ་དཀྲོག་གཏམ་དང་ཡིག་ཉོབ་སྣ་ཚོགས་བཟོས་ཏེ་གཞིས་བྱེས་གཉིས་ཀ་མགོ་བོ་གཡོག་ཐབས་སོགས་སུ་འབད་ལུགས་ལ་ལྟོས་དང་ཇི་འདྲ་ཞིག་རེད་ཤེས་ལྡན་རྣམས་ཀྱིས་ གཟིགས་དང་འདི་དག་ལ་ལམ་སྟོན་དང་བསྒྱུར་བཅོས་མི་བྱེད་པའི་རྒྱུ་མཚན་གང་ལ་ཐུག་ཡོད་དམ།

ཁ་ནས་གཅིག་སྒྲིལ་དང་ཆ་མཐུན་རིས་མེད་གནང་དགོས་ཞེས་གར་སྟེགས་མཐོན་པོའི་སྒང་ནས་ བཤད་མཁས་མང་མོད་དོན་ལ་ལག་བསྟར་མེད་པའི་ཁར་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ བདེ་སྤྱོད་བཏང་མཁན་འདིའི་རིགས་ལ་གཤག་བཅོས་དང་རྩ་རྫོགས་མི་བྱེད་པའི་གནས་ལུགས་ གང་ཞིག་ལ་ཐུག་ཡོད་མེད་གསལ་ཁ་གང་ཡང་་མེད་པ་ཅི་ཡིན་ནམ།  

འགྲན་རྩོད་དང་ཕྱོགས་འཐེན་སྣ་ཚོགས་ཀྱིས་ལས་ལ་བྲེལ་བའི་གཡོ་འཕྲུལ་མགོ་བདེ་འདིའི་རིགས་གཙང་སར་་མ་བཟོས་ཚེ་རུལ་སོང་གིས་ལམ་ནས་ད་དུང་གནས་ལུགས་ལ་མི་ལྟ་མཁན་མང་རུ་ མང་རུ་་བྱིན་ཚེ་བོད་ཀྱི་སྤྱི་ཚོགས་ཡར་རྒྱས་ལ་བྱིན་པའི་གོ་སྐབས་རྡོག་རུལ་བཏང་བ་མ་ཡིན་ནམ། 

ལྷག་བསམ་ཟོལ་མེད་ཀྱིས་རང་རིགས་ཀྱིས་རྩ་དོན་བསྒྲུབ་མཁན་གཞོན་ནུ་ལྷན་ཚོགས་ཀྱི་ལྟ་གྲུབ་སྣང་མེད་བཏང་སྟེ་རང་གཞུང་ཁ་ལ་ཁྱེར་མཁན་དོན་དུ་རང་དོན་ཁོག་ཏུ་བཅུག་ཏེ་ན་ཁ་ནས་ བོད་གླེང་ཀྱང་དོན་ལ་བོད་ཀྱི་རྩ་དོན་གྱིས་ཚེ་སྲོག་དམར་གསོད་བཏང་བ་འདི་ཚོའི་རྒྱབ་ལོགས་ ལངས་ལ་ལངས་མཁན་ཁྱེད་ཅག་གིས་དམིགས་ཡུལ་དང་དགྲ་བོ་དམར་ཤོག་ཚང་གི་དམིགས་ཡུལ་གཉིས་གཅིག་མཚུངས་སུ་སོང་པ་མ་ཡིན་ནམ།  

མི་རིགས་ཤིག་གིས་རྩ་དོན་ལ་གདོང་ལེན་དགོས་ཚེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལས་ འགུལ་སྤེལ་སྟངས་དང་གནས་ལུགས་འདི་མ་བརྒྱུད་ཚེ་ཧ་ཅང་ཁག་པོ་རེད་རྒྱུན་ལྡན་གྱིས་ བསམ་ཚུལ་མང་པོ་ཞིག་ངམ་ངམ་ཤུགས་ཀྱིས་ཡོང་དང་ཡོང་བཞིན་ཡོད་པ་ཀུན་གྱིས་ཐུགས་ལ་ གསལ་བོར་ཡོད་ན་ཀླད་འཁྲེག་དང་རྙིང་ཞེན་གྱིས་བསམ་བློ་རུལ་བ་མྱུར་དུ་འདོར་དགོས་པ་ཡིན་ནོ།  ལོ་རྒྱུས་ལ་རྫུན་བཟོ་མི་བྱེད་པར་དྲང་བདེན་དང་གནས་ལུགས་ཀྱིས་ཕུགས་བསམ་འཚོལ་རྒྱུ་འུ་ཅག་གིས་མ་འོངས་པའི་གཞིས་བྱེས་གཉིས་ཀྱི་ཞེ་ཕུགས་གཏད་སའི་གཙོ་བོ་ནང་ནས་ཡང་སྙིང་ཡིན་ ཕ་ས་ཕ་ཡུལ་ལ་གཞིས་འཛོམ་དགོས་ཚེ་ཆོད་སེམས་བརྟན་པོ་དང་ལངས་ཕྱོགས་འདི་ལ་དོན་གྱིས་བབས་དགོས་པ་རྩ་བའི་ཁ་ཕྱོགས་དང་པོ་ཡིན།  

བོད་ཀྱི་གཞོན་ནུའི་ལྟ་གྲུབ་ལ་དགག་རྒྱག་དང་དམའ་འབེབས་མི་བྱེད་པར་ཡིད་ཆེས་གཙང་མའི་ངང་ནས་ཕྱར་གྲུ་གནམ་འདེགས་བྱ་རྒྱུ་ཐུན་མོང་གིས་འོས་བབས་ཡིན་པ་སེམས་སུ་བཅུག་སྟེ་གཅིག་སྒྲིལ་དང་མཉམ་གཤིབ་དགོས་པ་ཕྲག་སྟེང་གིས་འགན་ཁྲི་གཙོ་བོ་འཛིན་པ་ཀུན་གྱིས་ ཤེས་རྒྱུ་གལ་ཆེ་བར་སེམས་སོ།    བོད་གཞིས་བྱེས་གཉིས་ཀྱི་ཡིད་ཆེས་དང་ཕུགས་བསམ་གཏོད་ས་མི་རབས་རྗེས་མ་ཚོའི་སྣེ་ཁྲིད་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཕྱག་ལས་ལ་ཟིར་ཟ་དང་ཕྲག་དོག་མི་བྱེད་པར་ནུས་པ་ཡོད་ཚོད་རྩ་དཀྲུག་བྱས་ཏེ་རོགས་འདེག་དང་ཞབས་ཞུ་བསྒྲུབ་རྒྱུ་ལ་འབད་བརྩོན་དང་དཀའ་ཁག་གང་འདྲ་ ཞིག་ལ་ཐུག་ཀྱང་གདོང་ལེན་དང་ནུས་ཤུགས་མཉམ་སྤུངས་བྱ་རྒྱུ་གདོང་དམར་རྩམ་ཟན་ཚང་གིས་ འཕྲལ་ཕུགས་གཉིས་ཀྱིས་བསམ་བློ་གཏང་ས་འདི་ཁོ་ན་ཡིན་པས་དེ་ལུགས་ཐུགས་ལ་འཇགས་དགོས།  

རང་རིགས་ཀྱི་ཁྲག་རྒྱུན་ལ་དུང་བ་ཟབ་པའི་བོད་ཀྱི་གཞོན་ནུའི་ལྟ་གྲུབ་ལ་རྒྱུ་མཚན་ཤེས་པའི་གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་འབོད་པས་བོད་ཀྱི་རྒྱལ་ས་གཉིས་པ་བཞུགས་སྒར་རྡ་རམ་ས་ནས་སུག་བྲིས་བགྱིས་སོ།  ༢༠༡༢  ༩  ༦