ང་ནི་ཅི་ཞིག་ཡིན་ཡང་ཆོག་ལ་མིན་ནའང་ཆོག

ནོར་འཁྲུལ་གྱི་བྱ་བ་སྒྲུབ་སྐབས་མཚམས་རེར་ནོར་འཁྲུལ་ཡང་རླབས་ཆེན་འགྱུར་སྲིད། 

                                དང་པོ།  འགྱུར་ལྡོག་གི་གོ་རིམ། 

 

མི་ཚེ་ནི་གོ་རིམ་ཞིག་ཡིན་ལ་གོ་རིམ་དེ་ཡང་དགའ་སྐྱོ་གཉིས་ལྡན་གྱི་ལམ་བུ་ཞིག་ཏུ་གྱུར་ཡོད། མི་རྣམས་ལམ་བུ་དེར་གོམ་པ་སྤོས་པ་ནས་འདོད་མདུན་གྱི་བསམ་བློ་ཉི་ཚེ་བ་ཞིག་གིས་རྐྱེན་བྱས་ཏེ། མཚམས་རེར་སྤྲོ་སྣང་གིས་དགོད་སྒྲ ལྷང་ལྷང་སྒྲོག་གིན་ཡོད་ཅིང་ལན་རེར་སྐྱོ་སྣང་གིས་རང་སྲོག་བྲེག་སྲིད་པའི་གནས་བབ་ཅིག་ནའང་སྐྱེལ་སྲིད། དེས་ནི་སྐྱོ་སྣང་མང་བའི་མི་ཚེ་གདམས་ཁ་ཞིག་མིན་པ་ངེས་ཤེས་འདྲོང་གིན་ཡོད་ཅིང་གལ་ཏེ་གདམས་ཁ་ཞིག་ཡིན་ནའང་ནོར་འཁྲུལ་གྱི་ལམ་ནས་མུ་མཐུད་དེ་ནོར་འཁྲུལ་ལ་བརྟེན་དགོས་པའི་གསལ་འདེབས་བྱེད་ཀྱིན་ཡོད། 

 འགྲོ་བ་མིའི་རིགས་སུ་ཡིན་རུང་ཐོག་མར་འཇིག་རྟེན་འདིར་འཕོས་འོང་སྐབས་ལྷད་མེད་དྭངས་གཙང་གི་བསམ་བློའི་རོ་བཅུད་ལྡན་ཞིང་དགོད་འཛུམ་གྱི་རྣམ་འགྱུར་རེ་ན་སྤྲོ་སེམས་འཁོལ་བའི་བརྩེ་མདངས་ཀྱི་འོ་མཚོ་འཁྱིལ་ནས་ཡོད། དུས་དེ་ང་ཚོ་སུ་ཞིག་ལ་མཚོན་ནའང་བརྗེད་ཐབས་བྲལ་བའི་མི་ཚེའི་འོད་སྣང་གི་རྫོགས་ལྡན་ཞིག་བརྩི་ངེས་མོད་དུས་ཚོད་རིམ་གྱིས་བགྲོད་ཤུལ་དང་ལང་ཚོའི་འགྱུར་ལྡོག་གི་གོ་རིམ་ཁྲོད་ན་ཆགས་སྡང་མུག་གསུམ་གྱི་འཆིང་ཞགས་དཀྱུས་ཀྱི་མི་རྣམས་ཉམ་ཆུང་སྡར་མ་ཝ་བཞིན་འདར་འདར་ངང་ནས་འདུར་གྱིན་ཡོད་དེ་ལུའུ་ཁ་ནོས་’’དོན་མེད་རྣམ་གཡེང་དུ་སོང་ན།སེམས་ལ་མི་དྲན་དགུ་དྲན་རེད་„ཅེས་བཤད་པ་བཞིན་ཕུགས་བསམ་ངེས་ཅན་ལྡན་པའི་སེམས་རྣལ་མ་བ་དག་ཕུད་དེ་དོན་མེད་རྣམ་གཡེང་ངང་འཚོ་བའི་ཅོལ་ཆུང་དག་གི་སེམས་ན་ལང་ཚོའི་འགྱུར་བ་དང་བསྟུན་ནས་ངོ་མར་མི་དྲན་དགུ་དྲན་རང་རེད་དོ། །དེ་ཡང་ཕྱོགས་གཅིག་ནས་མི་རྟག་པའི་སྒུལ་ཞུགས་ཀྱིས་བསམ་བློས་མཐོང་རྒྱ་ཆེར་བསྐྱེད་པ་དང་ཕྱོགས་གཞན་ནས་ཆགས་སྲེད་དང་ཉོན་མོངས་ཀྱི་དབང་ཤེད་ཅི་བཙན་དུ་སོང་བས་འདོད། མི་རྣམས་ལོ་དང་ཟླ། ཞག་དང་ཆུ་ཚོད། སྐར་མ་དང་སྐར་ཆའི་བར་ན་ཕྱི་ནང་གི་ཕྲ་བའི་བསྡུས་གཟུགས་ཀྱི་རྣམ་པ་དང་ལང་ཚོ། བསམ་བློའི་འཕྲོ་འདུ་ཡི་འགྱུ་བག་ནི་སྐད་ཅིག་ཀྱང་བསྡད་ལོང་མེད་པར་ཆུ་མོ་བཞིན་དུ་མུར་བཞུད་ཀྱིན་ཡོད་ཅིང་དེའི་འཕྲོ་དང་སྣེ་ན་ལེགས་ཉེས་དང་ཡག་བཙོག བཀྲ་ཤིས་མིན་གྱི་བྱ་བ་རྣམས་ཀྱང་གཅིག་ལ་གཅིག་བརྟེན་གྱིས་མཐུད་ནས་ཡོང་གིན་ཡོད་དེ་འགྱུར་ལྡོག་དེ་ཙམ་ནི་ཕྲ་བའི་ངོ་བོར་གནས་པ་སྟེ་འགྱུར་ལྡོག་དེ་དག་གི་ཚད་ཐིག་ཇི་བཞིན་གཏན་ལ་དབབ་ལ་གཏན་ཚིགས་ཀྱི་བསམ་བློའི་བརྐྱངས་རྩལ་ལ་རག་ལས་ནས་ཡོད།  མི་རྣམས་སྐྱེས་པ་ནས་ནར་སོན་པའི་གོ་རིམ་དང་། ནར་སོན་ནས་དར་མ། དར་མ་ནས་དར་ཡོལ། དར་ཡོལ་ནས་རྒས་པ། རྒས་པ་ནས་འཆི་བའི་གོ་རིམ་དེ་ལ་འགྱུར་ལྡོག་གི་གོ་རིམ་ཞེས་མཐོང་ཆོས་ཀྱི་འགྱུར་བ་དེ་ང་ཚོས་མངོན་སུམ་དུ་གྲུབ་པ་ཡིན་མོད་སྐད་ཅིག་མའི་ཡུན་ཚད་དེ་ཙམ་གྱི་མཐིལ་ན་མི་རྣམས་ཀྱི་མོས་པ་དང་ཁམས་མི་འདྲ་བའི་དབང་གིས་བྱ་བ་མི་འདྲ་ཞིང་འབྲས་བུའང་མི་འདྲ། དུས་ཚོད་སྐད་ཅིག་མ་དེ་ཙམ་གྱི་མཐིལ་ན་མི་རྣམས་ལ་ལས་དབང་མི་འདྲ་བའི་རྐྱེན་གྱིས་དཀའ་སྡུག་གི་འབྲས་བུ་དང་རླབས་ཆེན་གྱི་བྱ་བ། དོན་ལྡན་གྱི་འཚོ་བ་མཐའ་དག་མཇུག་བསྡུས་ནས་འགྲོ་དགོས་ཏེ་སྐད་ཅིག་དེ་ཡལ་བ་དང་སྐྱེས་བ་གཞན་གྱི་ཉེར་བསྡོགས་བརྩམ་རན། ཞིབ་འདང་ཞིག་བརྒྱབ་ན་མི་ཚེ་ནི་གློག་འཁྱུག་པ་དང་མཚུངས་ཆོས་སུ་ཡོད་པ་སྟེ་མིག་ཟུང་འབྱེད་ཟུམ་གཅིག་གི་ཡུན་ན་སྐྱེས་ནས་ད་ལྟར་བར་གྱི་གོ་རིམ་དེ་དག་ཇ་ཡུན་གཅིག་གི་སྣང་བ་ལས་གང་ཡང་མེད་འདུག  ང་དང་ང་ལྟ་བུའི་ས་མཐའི་ཡུལ་གྱར་བ་ཞིག་ལ་མཚོན་ན་སྤྱི་ཚོགས་དང་ཁོར་ཡུག་མི་འདྲ་བའི་གསུར་ནས་མི་ཚེའི་མཚན་ཉིད་ལ་གོ་དོན་མི་འདྲ་བ་དུ་མ་བླངས་ནས་ད་ལྟར་རུས་རྐང་ན་ཟུག་པའི་རྟག་བརྟན་ཐེར་ཟུག་གི་མི་ཚེ་ལ་འཇོག་པའི་གོ་དོན་ཧྲིལ་པོ་ཞིག་མེད་འདུག  ཆུང་ཆུང་པོད་ཁུག་འཁུར་ནས་སློབ་གྲྭར་རྒྱུགས་པའི་སྐབས་སུ་རང་གི་ན་མཉམ་གྱི་གྲོགས་ཕན་ཚུན་ལ་ལྷད་མེད་ཀྱི་བརྩེ་དུང་ཁོ་ན་བཅངས་ཏེ་ཀྱ་ཀྱོག་དང་འབར་འབུར་གྱི་འཇིག་རྟེན་འདི་ལྟ་བུ་ནི་རྨི་ལམ་དུའང་ཟད་དོ། །དེ་དུས་སུ་འཇིག་རྟེན་ཚད་འཇལ་བའི་མཐོང་རྒྱ་དང་ཐོས་རྒྱ་གང་ཡང་མེད་ནའང་ཕྱིར་འདང་རེ་བརྒྱབ་ན་བརྗེད་དཀའ་བའི་མི་ཚེའི་ནང་དུ་བྱིས་དུས་ཀྱི་འཚོ་བ་ནི་དྭངས་གཙང་གི་ནམ་ཟླའི་ངོས་ཀྱི་བརྩེ་སེམས་ཀྱིས་འཁྱུད་བའི་སྤྲོ་སེམས་འཁོལ་བའི་སྐར་མའི་ཚོགས་དང་མཉམ་མོ།  ། ས་མཐའ་ནི་སྔོན་མ་སྔོན་མ་ཞིག་ན་རྣ་བར་ཐོས་མ་མྱོང་ལ་དེ་ནས་རིམ་གྱིས་ཐོས་ནའང་དེ་ནི་འདོད་རྒུ་འབད་མེད་དུ་འགྲུབ་པའི་འཇིག་རྟེན་གྱི་གྲུ་ཁ་ཉི་ཚེ་བ་ཞིག་ལས་གདུག་རྩུབ་ཀྱི་མཚོན་ཁར་འགྲིམ་པ་ལྟར་གྱི་ས་མཐའ་ནི་བསམ་བློའི་འཁོད་རྒྱའི་ཟུར་ཙམ་ཡང་བཅར་མྱོང་མེད་འདུག   བསམ་བློ་རེ་འགའ་བ་དེས་ལས་དབང་གི་འཁོར་ཕྱོགས་ལ་འདྲོག་སློང་སྟེ་སྐད་ཅིག་མའི་དུས་ཡུན་དེ་ལྟ་བུའི་གསེང་ན་རང་ཉིད་གཅེས་པའི་ཕ་མ་དང་ཁ་བྲལ་ཞིང་དུང་བའི་མིང་སྲིང་དང་རྒྱང་དུ་གྱེས་པའི་ཡུལ་གྱར་བ་གྱུར་ཞིང་གྱུར་ནས་ཀྱང་བས་མཐའི་རི་ཁུག་ཅིག་ན་ཆགས་སྡང་གི་ཨག་ཚོམ་དང་སྨྲ་ར་གསོག་བཞིན་ཡོད་ལ་སྟབས་མ་ལེགས་ཚེ་དྲིན་ཆེན་མ་མས་གནང་བའི་གཅེས་པའི་ཚེ་སྲོག་གི་རྒྱུ་བ་ཡང་རུས་རྐང་སྤར་མོ་གང་དང་བསྡེབས་ཏེ་འཚུབ་མ་གཡོ་བའི་རི་གྲོག་འདི་ནས་རླུང་ལ་སྐུར་དགོས་ཐུག་པའི་ཉེན་ཁ་འདུར་སྲིད། ད་ལྟར་བློ་མིག་གིས་རང་ཉིད་ཞིབ་བཤེར་རེ་བྱེད་ཚེ་རང་ཉིད་རང་ལ་སྡང་བའི་ཚད་དེར་སླེབས་འདུག་ཅིང་དེ་ནི་གཅིག་ནས་ཁོར་ཡུག་དང་འབྲེལ་བ་གཏིང་ཟབ་ལྡན་ངེས་ཀྱང་།  གཉིས་ནས་རང་གི་ལས་དབང་ལ་འཁང་ར་མི་བྱེད་ཀ་མེད་རེད།  གལ་ཏེ་དེ་ལྟར་འཇིག་རྟེན་འདི་དང་ཁ་གྱེས་དགོས་བྱུང་ཚེ་དེ་ནི་ལན་ཆགས་ཤིག་གི་ཆོ་འཕྲུལ་ལ་ངོས་འཛིན་བྱ་དགོས་ནའང་དེ་ནི་ཇི་འདྲའི་བློ་ཡིད་མ་ཚིམས་པའི་ཐག་གཅོད་ཅིག་རེད་ཨང་། ད་ལྟར་རང་དང་ན་མཉམ་གྱི་གྲོགས་དག་ནི་གཅིག་རྗེས་གཉིས་མཐུད་ཀྱིས་མཐུན་འཇུག་གི་ཁྱིམ་གཞིས་གཟུང་བར་ཆས་ཤིང་ལ་ལ་ནི་སྙིང་རྗེ་བའི་ཕྲུ་གུ་འགའི་ཨ་ཕ་དང་ཨ་མ་བྱས་ནས་ས་སྒང་འདིའི་སྟེང་དུ་རིགས་རྒྱུད་སྤེལ་བའི་བྱ་བ་སྙེག་བཞིན་འདུག་ཅིང་ལ་ལ་ནི་ཅི་ཞིག་ཡིན་མདོག་གིས་སྒམ་ཚུགས་འཛིན་པའི་མི་ཆེན་གྱི་རྐུབ་སྟེགས་དེར་ཞུགས་པའི་མཚམས་འདིར་བདག་གིས་མདུན་དུ་སྤུངས་བའི་དཔེ་ཆ་མཐུག་པོ་འགའི་སྣེ་ནས་ད་དུང་བརྒྱུད་ལ་མ་འབྱོལ་བའི་ལྟ་བ་ཕྲ་མོ་སྐོར་ཞིག་ཟིན་བྲིས་སུ་འདེབས་ཀྱིན་ཡོད་ལ་གནས་བབ་དང་ཁོར་ཡུག་ལ་མཚམས་རེར་འདོད་སེམས་ཀྱིས་བསླངས་བའི་སུན་སྣང་གིས་ཡིག་འབྲུ་འགའ་ལ་ཡང་ནས་ཡང་དུ་འགྲེལ་བ་རྒྱག་གིན་ཡོད།  

 

གཉིས་པ།  ཐོད་བརྒལ་གྱི་སྙན་ངག་འབྲི་ཚུལ།

སྙན་ངག་འབྲི་རྒྱུ་དེ་སླ་མོ་ཞིག་མ་རེད་མོད་དེ་ཙམ་གྱི་དཀའ་མོ་ཞིག་ཀྱང་མ་ཡིན་པར་འདོད།ཁ་ཤས་ཀྱིས་སྙན་ངག་འབྲི་བ་དེ་ལས་མེད་དུས་ཚོད་མ་འཁྱོངས་བ་ཞིག་གིས་ཁེར་ལབ་ཅིག་ལ་ངོས་འཛིན་བྱེད་ཀྱིན་འདུག་མོད་བདག་གིས་སྙན་ངག་ནི་བཙོ་སྦྱང་བྱས་པའི་སྐད་ཆའི་སྒྱུ་རྩལ་ཞིག་དང་ཚོར་བའི་གཡུལ་ས་ནས་བཞུར་བའི་སེམས་ཀྱི་ཉིང་ཁུ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། ཡང་ལ་ཤས་ཀྱིས་སྙན་ངག་འབྲི་བ་ནི་བར་སྣང་དུ་རིན་པོ་ཆེའི་ཕོ་བྲང་བཞེངས་པ་དང་མཚུངས་ཞེས་བསམ་ཚུལ་འཆད་ཀྱིན་འདུག་མོད་བདག་གིས་སྙན་ངག་འབྲི་བ་ནི་སྐྱོ་གདུང་དང་སྤྲོ་སྣང་མཚོན་ཐབས་ཀྱི་ཐ་སྙད་རྙི་མོ་འགའ་ལ་བསམ་བློ་གཏོང་ནས་ཡོད། ངས་ལོ་ངོ་འདི་དག་གི་ཡུན་ན་སྙན་ངག་ཡིན་མིན་གྱི་ཚིག་འབྲུ་འགའ་ལ་འཐམ་ནས་རང་གི་སྙིང་ཁམས་ནས་འཕྱུར་བའི་ཚོར་བའི་རླབས་ཕྲེང་གི་བཞུར་རྒྱུན་རེ་རེ་བཞིན་ཡི་གེ་ལ་ཕབ་ནས་དྲ་ཐོག་ཏུ་འཇོག་གིན་ཡོད་ཅིང་རང་གི་ཟིན་བྲིས་ཀྱི་པོད་ཁུག་ན་དྲན་ཐོའི་ཚུལ་དུ་ཉར་ནས་ཀྱང་ཡོད།འོན་ཏང་། ཡི་གེ་དེ་དག་འབྲི་བའི་བརྒྱུད་རིམ་ཁྲོད་ན་ངས་རང་ཉིད་ཀྱི་ལྷན་སྐྱེས་སུ་གྲུབ་པའི་ལག་རྩལ་ལ་རྒྱུས་ལོན་གཏིང་ཟབ་བྱུང་ཞིང་སྨྱུག་རྩེ་ནས་བཞུར་བའི་ཡི་གེ་ལྡོམ་པོ་དེ་དག་ཀྱང་རྩ་ཆེན་དང་གལ་ཆེ་གང་ཡང་མིན་པ་ཤེས་ཡོད།   དྲང་པོར་བཤད་ན་སྙན་ངག་འབྲི་བ་ནི་ངའི་དགའ་ཕྱོགས་ཙམ་ཡིན།  ད་དུང་རྩ་ཆེན་དང་རིན་ཐང་ལྡན་པ་ཞིག་མིན་པའི་རྒྱུ་མཚན་ཙམ་གྱིས་དེ་ནི་ངའི་ལོངས་སྤྱོད་མིན་པའི་བཅད་རྒྱ་དེ་ང་ལ་མི་འཐད་ཅིང་རིན་ཐང་ཅི་ཙམ་ཆེ་བ་དེ་དག་ཀྱང་ངའི་འཚོ་བའི་མཁོ་རྒུ་ན་འཐོབ་འདོད་ཀྱི་ཧམ་སེམས་དེ་ང་ལ་བྲལ་འདུག   ངའི་སྙན་ངག་འདི་དག་ཨོག་ཚོམ་བཞིན་དུ་འཕེལ་རྒྱས་ལ་ཕྱིན་པའི་སྣང་ཚུལ་དེ་ང་ལ་མེད་ནའང་ཨོག་ཚོམ་དང་འདྲ་བ་ཅི་ཙམ་བཞར་ནའང་དེ་ཙམ་གྱིས་སྐྱེས་པའི་ངའི་འཚོ་བའི་མཐིལ་གྱི་ཆ་ཤས་ཤིག་ཏུ་བདག་གིས་ངོས་འཛིན་བྱེད་བཞིན་ཡོད།  ངས་རང་གི་སྙན་ངག་འདི་དག་ཐོད་བརྒལ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་ནའང་དེའི་རྒྱུ་མཚན་ནི་གཞན་དང་མི་མཚུངས་པར་ང་ལ་དུས་རྒྱུན་སེམས་ན་ཁྲིགས་སེར་ཡོད་པའི་ཐ་སྙད་འགའ་ཞིག་གློ་བུར་དུ་ཆ་མེད་རྒྱུས་མེད་གྱུར་འགྲོ་བས་ཡིན། དེས་ང་ལ་རང་གི་སྙན་ངག་ལ་བར་ཆད་བྱེད་དོགས་ཀྱི་ན་ཟུག་སློང་གིན་འདུག  སྔོན་མ་ཞིག་ནས་ངས་ཀྱང་སྲོལ་རྒྱུན་སྙན་ངག་མེ་ལོང་མའི་ལུས་རྒྱན་ལ་ཤི་འཐམ་རོ་འཐམ་བྱས་ཀྱང་སུན་སྣང་སྐྱུར་མོ་ཞིག་གིས་ད་ནི་རྐང་ཆག་མ་རུ་སྙད་བཏགས་ཤིང་གཞུང་ལུགས་ཀྱི་ཁུངས་མེད་པའི་རང་མོས་སྙན་ངག་འབྲི་བའི་ལམ་ལ་མོས་པ་སྐྱེས་ཤིང་སྤྲོ་བ་འཕེལ། སྤྱིར་བཏང་ཚད་མཐོ་བའི་ཚིགས་བཅད་སྙན་ངག་དེ་འདྲ་བདག་ལ་མི་ཐོན་ནའང་དེང་སང་གི་དྲ་ཐོག་ན་རྒྱུན་ཆགས་སུ་མངོན་པའི་ཚིགས་བཅད་ཡིག་ནོར་རྙིགས་རོ་དག་དང་བདག་གི་ཡི་གེ་བསྡུར་ཐབས་མེད་ལ་བཙན་ཐབས་ཀྱིས་བསྒྲིགས་ཤིང་ཨུ་ཚུགས་ཀྱིས་བྲིས་པའི་སྤྱི་ཚོགས་སྟེང་གི་ཚིགས་བཅད་ཐར་ཐོར་དེའི་གྲས་ནི་བདག་གིས་ཀྱང་འཇོན་ནའང་དེས་ནི་སྙན་ངག་འབྲི་བའི་འདུན་མ་བསྐང་བར་དཀའ་འདུག ད་ལྟར་ངའི་སྙན་ངག་དག་ལ་ཚིགས་བཅད་ལྟར་གྱི་ལོ་རྒྱུས་ཀྱི་བརྒྱུད་རིམ་གཙང་མ་ཞིག་མི་ལྡན་ལ་སྐྱེས་ཆེན་ཞིག་གི་གཞུང་ལུགས་ཀྱི་ཁོང་གསེང་ནས་དར་སྤེལ་བཏང་བ་དེ་འདྲའང་མིན། གལ་ཏེ་བདག་གི་སྙན་ངག་འདི་དག་སྐྱེས་ག་གེ་མོ་ལ་གཅམ་ཚིག་དང་ངོ་བསྟོད་འབའ་ཞིག་གིས་སྤུད་པ་དང་ཕྲ་མོ་དང་ཟབ་མོའི་དོན་ལ་འཇོག་པའི་སྡོམ་ཚིག་རྐྱང་པ་ཞིག་ཡིན་ན་བདག་གིས་ཀྱང་ཅི་འཇོན་གང་ཐོན་གྱིས་མིང་ཚིག་འགའ་ཞིག་ལྷུ་བསྒྲིག་ན་ཆོག་མོད། གལ་ཏེ་བདག་གི་སྙན་ཚིག་འདི་དག་ཁྲོམ་གཞུང་ན་བཀྲམ་པའི་ཚོང་རྫས་བཞིན་རིན་གོང་བཅག་སྟེ་འཚོང་དགོས་པ་གཅིག་པུ་དེ་ཡིན་ན་བདག་གིས་ཀྱང་མིང་ཚིག་རྙིང་པ་འགའ་ལ་དཔེ་གཟུགས་ཀྱིས་ཤན་བཏབ་སྟེ་ཡི་གེ་མཁྲེགས་པོ་འགའ་བྲི་ན་ཆོག་མོད། གལ་ཏེ་བདག་གི་སྙན་ངག་འདི་དག་རང་སེམས་ཀྱི་བར་སྣང་ན་དྲག་ཏུ་འཕྱོ་བའི་རླུང་ཡོར་བཙན་པོ་དེ་མིན་པར་ནག་འཐོམ་མེར་སོང་བའི་མུན་ནག་དཀྱིལ་གྱི་ཤུར་སྒྲ་ཙམ་ཡིན་ན་བདག་གིས་ཀྱང་ཚོར་རྟོག་གི་སྒུལ་ཤུགས་དབེན་པའི་མིང་བརྡ་སྐམ་པོ་འགའ་ལ་བཟུང་ནས་ཅི་ཞིག་ཡིན་མདོག་གིས་ཚིགས་བཅད་མཐོ་པོ་འགའ་བསྟུན་མར་བྲི་ན་ཆོག་མོད། བདག་གི་སྙན་ངག་ནི་མཚམས་རེར་སྐྱོ་གདུང་གི་མིག་ཆུའི་ཁ་མདོག་ཡིན་ཞིང་ལན་རེར་སྤྲོ་དགས་འཁྱུད་པའི་འཛུམ་མདངས་ཀྱི་གསེར་འོད་ཡིན།  ཚོར་ཤེས་ཀྱི་ཉམས་རྟོག་ཟབ་པའི་སྐབས་དང་དུས་སུ་རང་གཞན་སུ་ལའང་བླ་འཁྱམ་པ་ལྟ་བུའི་སྐྲག་སྣང་དང་། གྲིས་གཙགས་པ་ལྟ་བུའི་ཚ་ཤེད། མགོ་ཡུར་འཁོར་བ་ལྟ་བུའི་མི་བདེ་བ། རིར་འཛེགས་པ་ལྟ་བུའི་སྤྲོ་སེམས་སོགས་འཇུག་ངེས་པས་དེ་དག་ནི་སྐད་ཅིག་དེ་ཙམ་གྱིས་ཡལ་བའང་སྲིད་པས་དེ་དག་ཇི་བཞིན་མཚོན་འདོད་ཀྱི་སེམས་བྱུང་རགས་པ་ཞིག་གིས་བསླངས་བའི་ཐ་སྙད་དྭངས་མ ། ཐ་སྙད་སྐྱུག་བྲོ་བ། ཐ་སྙད་འཇིགས་ཡེར་བ་འགའ་ཞིག་ནི་བདག་གིས་བྲིས་པའི་སྙན་ངག་ནང་གི་ཆ་ཤས་ཤིག་ལ་ངོས་འཛིན་ན་ཆོག་ཅིང་གལ་ཏེ་སུ་ཞིག་གིས་བདག་གི་ཡི་གེ་འདི་དག་ནི་སྡར་མ་སྐྲག་ཤོར་ཞིག་གི་སྡར་སྐད་དང་གཞོན་ནུ་རང་སྣང་ཅན་ཞིག་གི་ཀི་སྒྲ་ལ་བརྩི་ན་དེ་ནི་བདག་གིས་སྒྲུབ་ཀྱིན་པའི་སྐད་ཆ་འདིའི་ནང་གི་སྙིང་པོ་ཡིན།

 

གསུམ་པ།   ང་ནི་ཅི་ཞིག་ཡིན་ཡང་ཆོག་ལ་མིན་ནའང་ཆོག

 

རྙིང་ཞེན་པ་འགའ་རེས་རིག་གནས་གཅིག་གིས་རིག་གནས་གཞན་གྱི་ཚབ་མཚོན་ནུས་སྙམ་པའི་བསམ་བློ་དེ་དང་དེའི་བག་ཆགས་ཀྱིས་ང་ལ་’’ཁྱེད་ཀྱིས་དོན་མེད་ཀུ་ཅོ་མ་སྒྲོག་’’ཅེས་སེམས་ཁུར་ཅན་གྱི་སྐད་ཆ་སྨྲ་སྲིད་ཅིང་གསར་བུ་ཀླད་སྟོང་འགས་ང་ལ་ཆོ་དང་དོན་ཡང་མེད་པའི་ཞྭ་ནག་ཅིག་བསྐོན་སྲིད་ནའང་དེ་ནི་ངས་སྙན་ངག་འབྲི་བའི་བགེགས་དང་བར་ཆད་གང་ཡང་མི་བརྩི་བར་འཁྲུལ་སྣང་ཅན་གྱི་སོ་སྐྱེས་ཕལ་བ་ཞིག་སྙིང་གཏམ་ལ་བརྩི་ཆོག  གཞན་ལ་སྙད་འཛུགས་པར་སྤྲོ་བའི་ལས་མེད་འཁྱམ་ཉུལ་བ་འགའ་ཞིག་གིས་ཁྱེད་ནི་ཤེས་རབ་ཅན་ཞིག་མ་རེད་ཅེས་སྨྲ་ངེས་པས་བདག་གིས་ལན་དུ་ང་ནི་ཤེས་རབ་དགའ་བའི་མི་ཞིག་ཡིན་པ་སྨྲ་བ་སྤོབས་སོ།  མ་གཞིར་རྙོག་ཟིང་གི་སྤྱི་ཚོགས་ན་ཁུངས་མེད་ལུང་མེད་ཀྱི་སྐད་ཆ་སྣ་ཚོགས་ཤིག་འཚང་ཁ་ཤིག་ཤིག་གིས་འབྱུང་བཞིན་ཡོད་པས་བདག་གིས་ཀྱང་སྐད་ཆ་རེ་གཉིས་རྣ་རྒྱབ་ཀྱི་ལྷག་པ་བརྩི་ན་ཆོག་ལ་སྐད་ཆ་རེ་རེ་ལ་ལན་སྤྲོད་པའི་འདུན་པ་ཡང་འགག་འདུག་པས་གལ་ཏེ་ང་ལ་རྩོད་པ་སྨྲ་བའི་གང་ཟག་སྐོར་གྱིས་བདག་གི་བརྒྱུད་ནས་ལན་རེ་སྨྲ་བའི་རེ་སྒུག་བྱེད་བཞིན་ཡོད་ཚེ་ངའི་’’ང་ནི་ཅི་ཞིག་ཡིན་ཡང་ཆོག་ལ་མིན་ནའང་ཆོག་’’ཅེས་པའི་གདམས་ངག་དེས་ཁྱེད་ཀྱི་རེ་བའི་སྟོང་ཆ་བསྐང་བའི་སྨོན་འདུད་ཞུའོ།  །ངའི་སྙན་ངག་སྐོར་ཞིག་ལ་ཅུང་ཙམ་ཐལ་ཆེ་བའི་སྐད་ཆ་དང་། རང་སྣང་མཐོ་བའི་ལྟ་བ། འཛེམ་སྲོལ་བྲལ་བའི་མ་རབས་ཀྱི་གཤིས་ཀ་ལྡན་ངེས་ནའང་དེ་ནི་བདག་གིས་སྙན་ངག་གི་སྐྱོན་དུ་མི་ལྟ་བར་སྙན་ངག་དང་བསམ་བློའི་རང་སྟེང་ནས་འབུར་བའི་བརྩེ་དུང་དངོས་མ་ཞིག་དང་ ། སྐད་ཆ་དྭངས་མ་ཞིག  རང་གཤིས་ལྷད་མེད་ཅིག་ལ་ངོས་འཛིན་བྱེད་བཞིན་ཡོད་པས་དེའི་ངོས་ནས་ང་ལ་སྙད་འདོགས་པ་ཚོས་ངའི་བསམ་བློའི་རང་དབང་དང་། ཀུན་སྤྱོད་རང་དབང་།  སྨྲ་བརྗོད་རང་དབང་ལ་རྡོག་བརྫི་མ་གཏང་རོགས།

 

བཞི་པ།  ཐར་པ།

 

འགྲོ་བ་མིའི་རིགས་ཀྱི་བསམ་བློའི་ཁྱབ་ཁོངས་སུ་ཚེ་སྲོག་ནི་གལ་འགངས་ཆེ་ཤོས་སུ་གྱུར་ཡོད། རྒྱལ་ཁབ་སུ་ཞིག་ལའང་རྩ་ཁྲིམས་ཡོད་ཅིང་རྩ་ཁྲིམས་ནང་དུ་ཚེ་སྲོག་དང་འབྲེལ་བའི་གནས་ཚུལ་མང་པོ་བཀོད་ཡོད།  འཛམ་གླིང་འདིའི་སྟེང་དུ་ཉེས་ཅན་གུ་ཡངས་མེད་པ་ནི་ལག་དམར་བ་བགྲང་ཡོད་ཅིང་སུ་ཞིག་གི་རང་གར་མི་ཞིག་གི་ཚེ་སྲོག་གཅོད་ཚེ་ད་གཟོད་དེ་ནི་རྒྱལ་ཁམས་ཀྱི་ཉེས་ཅན་པ་དང་སྤྱི་ཚོགས་ཀྱི་འཇིགས་སྐུལ་བར་གྱུར་ཟིན་པས་ནག་ཉེས་འདག་ཐབས་སུ་བཙོན་ཁང་དུ་འགྲོ་བ་ལས་ལྷག་མེད།  འཛམ་གླིང་འདིར་ཚེ་སྲོག་གི་རང་དབང་ལ་གདེང་འཇོག་དེ་ལྟར་བྱེད་བཞིན་ཡོད་ནའང་སྨྲ་བརྗོད་དང་བསམ་བློའི་རང་དབང་ལ་དེ་ལྟར་གདེང་འཇོག་བྱེད་པ་དཀོན།  མཚན་ཉིད་རིག་པ་བ་ཏོའི་ཡིས་’’འཇིག་རྟེན་ཆེས་བདེ་སྐྱིད་ལྡན་པ་ནི་སྨྲ་བརྗོད་རང་དབང་ངོ་།’’ཞེས་བཤད། རྒྱ་གར་ཤེས་རིག་གི་མ་ཡུམ་ཐེ་ཀོས་’’བསམ་ཡན་ཁོ་ན་ད་གཟོད་བྱ་རྒྱལ་མཁའ་ལམ་འགྲིམ་པ་ཇི་བཞིན་ཐོགས་རྡུང་གང་ཡང་ཡོད་པ་མིན་’’ཞེས་བཤད།  སྐད་ཆ་དེ་གཉིས་ཀྱིས་དངོས་དང་ཤུགས་ནས་སྨྲ་བརྗོད་རང་དབང་དང་བསམ་བློའི་རང་དབང་གི་གོ་བབ་བསྙད་ཀྱིན་ཡོད་ཅིང་དེ་གཉིས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་སྨྲ་གིན་འདུག  དེ་ཡང་བྱིས་པ་ཞིག་གི་སྐད་ཆ་རྡོག་རུལ་དུ་གཏོང་བ་དེ་བྱིས་པ་ཞིག་གི་སྐད་ཆ་རྡོག་རུལ་གཏོང་བ་མིན་པར་དེ་ནི་ཚོར་རྟོག་ལྡན་པའི་འགྲོ་བ་མི་ཞིག་གི་ཁ་ལ་རྡོ་རྗེ་རྒྱ་གྲམ་བཞག་སྟེ་བསམ་བློ་དམར་གསོད་བྱེད་པ་ཡིན། གལ་ཏེ་བསམ་བློའི་འཕྲོ་འདུ་དེ་ལྟོས་འཇོག་གི་ཆ་ནས་བཤད་ན་སྨྲ་བརྗོད་རང་དབང་དང་འབྲེལ་བ་དམ་ཟབ་ལྡན་ལ་སྨྲ་བརྗོད་ཀྱི་ཀུན་སློང་ཡང་བསམ་བློའི་སྒུལ་ཤུགས་ལ་ཐུག་འགྲོ།དེའི་རྐྱེན་གྱིས་སྨྲ་བརྗོད་རང་དབང་མེད་ན་བསམ་བློའི་རང་དབང་མེད་ལ་བསམ་བློའི་རང་དབང་མེད་ན་སྨྲ་བརྗོད་རང་དབང་ཡང་ཡོང་ས་མེད་དོ། །བསམ་བློ་སྒེར་གཅོད་པ་ནི་འཇིག་རྟེན་འདིར་ཆེས་ཞེད་སྣང་ལྡན་པའི་མི་དེ་སྟེ་དེས་རང་དབང་ལ་སྣང་འཇོག་བྱེད་ཀྱིན་མེད་ཅིང་ཚེ་སྲོག་ལའང་དོན་གྱིས་སྣང་མེད་བྱེད་ཀྱིན་ཡོད།ང་ཚོས་ཚེ་སྲོག་གི་སྙིང་པོ་བསམ་བློའི་སྟེང་ནས་འཚོལ་དགོས་ལ་བསམ་བློའི་རང་དབང་གིས་མཚོན་པའི་འགྲོ་བ་མིའི་ལྷན་སྐྱེས་སུ་མངའ་བའི་ཐོབ་ཐང་དེ་དག་མི་ལྡན་དུས་ཚེ་སྲོག་གི་སྙིང་པོ་འཚོལ་ཐབས་བྲལ་བ་ཡིན། དེའི་རྐྱེན་གྱིས་ཤེས་ཡོན་པས་རྟག་ཏུ་’’ཚེ་སྲོག་ལས་རང་དབང་རླབས་ཆེ་’’བ་བཤད་འདུག  རྩོམ་འབྲིའི་བྱ་བ་དེའང་བསམ་བློའི་རང་དབང་དང་འབྲེལ་བ་གཏིང་ཟབ་ལྡན་ཡོད།  གལ་ཏེ་བསམ་བློའི་རང་དབང་བྲལ་བའི་ཁྲིམས་ལུགས་འོག་གི་རྩོམ་འབྲི་བ་ཞིག་གིས་དོན་དངོས་ཀྱི་རྩོམ་ཡིག་ལེགས་པོ་ཞིག་འཁྱོངས་རྒྱུ་ནི་ཧ་ཅང་དཀའ་བ་རེད། དཔེར་ན་སྒེར་གཅོད་སྲིད་གཞུང་གིས་ཁ་ཕོ་གསོས་པའི་རྩོམ་འབྲི་བ་དག་གི་འཁྱོག་བརྗོད་རྩོམ་ཡིག་དང་སྤྲེལ་ལད་ཀྱི་རྩོམ་ཡིག་བཞིན་ནོ།  །མི་སུ་ཡིན་རུང་རང་གི་བསམ་བློ་མཚོན་བྱེད་ཀྱི་སྐད་ཆ་སྨྲ་བར་གོམས་འདྲིས་སུ་ཕྱིན་ཟིན། དེ་ནི་ཟས་བཟའ་བ་ལྟར་ཡང་ནས་ཡང་དུ་རང་ཉིད་ཇི་སྲིད་འཚོ་བའི་དབར་རང་གི་འཚོ་བའི་ཁྲོད་ནས་ཡལ་ཐབས་མེད་ཅིང་གལ་ཏེ་གུ་ཡངས་པའི་བསམ་བློ་ཅན་འགའ་ཞིག་གིས་གནས་ཚུལ་མང་པོ་ཞིག་ཁོག་ཏུ་སྦས་ནས་རང་གི་བསམ་བློ་མཚོན་བྱེད་ཀྱི་གཏམ་གླེང་མ་བྱེད་ཚེ་དེ་ནི་ཉིན་རེ་ལས་གུ་དོག་ཏུ་འགྲོ་ཞིང་མཐའ་དེིའི་རྐྱེན་གྱིས་འཆི་བའང་སྲིད་། མི་དེ་དག་གིས་རང་གི་སྨྲ་བརྗོད་ཐོབ་ཐང་རང་གིས་བརླག་པ་ཡིན་ཟེར་ནའང་འགྲིག་བསམ།  ཡིན་ནའང་མི་དེ་དག་ཡིན་རུང་བདེ་སྐྱིད་ཀྱི་གནས་མལ་འཚོ་བའི་འགྲོ་བ་མིའི་ཁྱབ་ཁོངས་སུ་འཚོ་ཡོད་སྟབས་རང་གི་བསམ་བློ་ལས་བཞུར་བའི་སྐད་ཆ་གཙང་དག་དེ་སྣང་མེད་ངང་ཁྱུར་མིད་གཏོང་བ་ག་ལ་ཡིན། དེ་ནི་མིན་ཏེ་མི་དང་དེའི་རིགས་ལ་ཐོབ་ཐང་དང་རང་དབང་འཚོལ་འདོད་ཀྱི་བློ་སྟོབས་ཞུམ་སོང་བ་དང་བདེ་བ་ཅན་གྱི་ལམ་བུ་ལ་སྔངས་ཏེ་དམྱལ་བར་ལྕེབས་པ་རང་རེད་འདོད་དོ།  །མི་རྣམས་ལ་ཚད་ལྡན་དང་ཚད་ལྡན་མིན་པ། ཤེས་རབ་ཅན་དང་ཤེས་རབ་ཅན་མིན་པ།  ངོ་མཚར་དང་ཡ་མཚན་ཅན་གྱི་བསམ་བློ་སྣ་མང་སྐྱེས་ཀྱིན་ཡོད་པས་བསམ་བློ་དེ་དག་ནི་མིའི་ཐ་སྙད་ཀྱི་གཅོད་མཚམས་ཁོ་ནའི་འཁོད་རྒྱ་ན་ཡོད་ཅིང་ལན་རེ་དང་མཚམས་རེར་བྱས་ཏེ་དེ་དག་ཀྱང་འཁོད་རྒྱ་དེ་ནས་སྤུས་གཙང་མིན་དང་ལེགས་ཉེས་རེས་མོས་ཀྱིས་འཁོར་གྱིན་ཡོད།  དེ་ལ་ཆོས་ལུགས་ནང་གི་བརྡ་ཆད་དེ་’’བདེན་མེད་’’ཅེས་པ་ཐ་སྙད་དེ་འཚམ་པོ་འདུག  ང་ཚོ་ལ་བསམ་བློ་དེ་དག་གིས་འགྲམ་ལྕག་གཞུ་བཞིན་ཡོད་ལ་འགྲམ་ལྕག་དེའི་རྐྱེན་གྱིས་མིང་ཚིག་ཡག་བཙོག་ཅི་རིགས་ཤིག་ཡ་ཁོག་ནས་ཧར་གྱིས་ཐོན་ཏེ་ཕ་རོལ་གྱི་རྣ་འབྱོག་ན་བླུག་གིན་ཡོད།  དེ་སྔོན་ཨེ་ཅིབ་རྒྱལ་པོ་ཕུའུ་ས་མེ་ཉི་ཐུའུ་སི་ཁོང་ཕོ་སི་རྒྱལ་ཁབ་ཀྱི་རྒྱལ་པོ་པི་ཙེས་ཕམ་པར་བརྒྱབ་སྟེ་འཛིན་བཟུང་བྱས་རྗེས་སུ་ཁོའི་བུ་མོས་གཡོག་མོའི་ལྭ་བ་གྱོན་ཏེ་ཕུའུ་ས་མེའི་བཀའ་ལྟར་ཁོང་གི་མདུན་བརྒྱུད་དེ་ཆུ་ལེན་དུ་འགྲོ་བ་མཐོང་བ་ན་ཁོའི་གྲོགས་པོ་ཚོས་ཁོའི་མཐའ་བསྐོར་ནས་ངུས་ཀྱང་ཁོ་དེར་ལངས་ནས་ཚིག་གཅིག་ཀྱང་མ་བཤད། རང་གི་བུ་དགྲ་བོས་གསོད་པ་ར་ཁྲིད་དུ་འགྲོ་བ་མཐོང་ནའང་སྔར་བཞིན་བསྡད།  རང་གི་བཟུང་དམག་གི་གྲས་ནས་རང་གི་གཡོག་པོ་ཞིག་མཐོང་བས་ན་སྡུག་བསྔལ་ཆེན་པོས་རང་གི་མགོ་བོ་ཁུ་ཚུར་གྱིས་རྡུང་། དེ་ལ་རྒྱལ་པོ་ཁོས་སྡུག་བསྔལ་སྔ་མ་མཚོན་མི་ནུས་པ་དང་ཕྱི་མ་མཚོན་ནུས་པའོ་ཞེས་ཁྱད་པར་ཕྱེས་འདུག  སྙན་ངག་ནི་སྐབས་དེར་རྒྱལ་པོས་རང་གི་མགོ་བོ་རྡུང་བྱེད་ཀྱི་ཁུ་ཚུར་དེ་ཡིན་ཞིང་ཁུ་ཚུར་དེར་ཤེད་ཅི་ཙམ་མངའ་བ་དེ་ལྟར་སྙན་ངག་ལ་སྒྱུ་རྩལ་མངའ་བ་ཡིན།  སྙན་ངག་གི་རིགས་དང་ཁྱད་པར་མི་འདྲ་བ་ལ་ཁུ་ཚུར་དང་འགྲམ་ལྕག  མིག་ཆུ་དང་བརླན་གཤེར།  ད་དུང་སྨྱོ་འཆམ་རྒྱག་པ་ལྟ་བུའི་སྤྱོད་ངན། བླ་འཁྱམ་པ་ལྟར་གྱི་དངངས་སྐྲག་སོགས་སྐྱོ་སྣང་མཚོན་སྟངས་སྣ་ཚོགས་ཤིག་ཡོང་བཞིན་ཡོད་ལ་དགའ་སྤྲོ་ལའང་དེ་བཞིན་ཡིན། བསམ་བློའི་རིགས་འདྲ་བ་མཚོན་ཐབས་ཀྱི་སྒྱུ་རྩལ་དེ་དག་ནི་འགྲོ་བ་མིས་སྙེག་གིན་པའི་ཐར་པ་ཡིན་ནོ།།