ཚོགས་སྐྱིད་༡༡ ངོས་ལེན་མེད།
ང་ཚོ་མང་ཚོགས་ལ་ནང་ཁུལ་རྩོད་རྙོག་སློང་རྒྱུ་མིན་པ། རྒྱ་མའི་ཐོག་ཁ་གཏད་རྒྱུ་དེ་ཡིན་པས། ཁྱེད་ཚོས་བྱས་རྗེས་མེད་པའི་བྱ་ངན་འདི་འདྲ་མ་རྩོམས་ཤིག
ད་ལྟའི་བར་བོད་ཀྱི་ལས་དོན་ཐད་གཟེངས་སུ་ཐོན་པའི་ཚོགས་པ་གསར་རྙིང་མང་པོ་ཞིག་མེད། དེ་འདྲའི་གཟི་བརྗིད་དང་སྤོབས་པ་ལྡན་མཁན་རེ་ཟུང་ཙམ་ཡིན། རྒྱུ་མཚན་དེས་ད་ལྟའང་ང་ཚོ་གུང་ཁྲན་ཏང་གི་སྡུག་གྱོང་འདིའི་འོག་ཚུད་ཡོད། ཚོགས་སྐྱིད་༡༡ ཟེར་བ་འདི་ནི། ད་ནང་སྐྱེས་པའི་ཤ་མོང་ཞིག་ཡིན་པ་ལས། ན་ནིང་སྐྱེས་པའི་རྩི་ཤིང་ཞིག་མ་རེད་ལ། གཞེས་ནིང་ལོར་སྐྱེས་པའི་སྡོང་པོ་ཞིག་དེ་བས་མིན།
འོན་ཀྱང་ཚོགས་པ་འདིས་བྱས་རྗེས་ཅན་གྱིས་ཚོགས་པ་འགའ་ལ་དགྲ་ཁ་གཏད་ཀྱི་ཟོལ་དུ། གྱོད་གཞི་ཅན་གྱི་ཚིག་རྩུབ་དང་། དབྱེན་སྦྱོར། ནག་ཉེས་སོགས་ཕྱོགས་གང་ཐད་ནས། དགྲ་བོ་རྒྱ་དམར་གྱིས་བེད་སྤྱོད་གཏོང་བཞིན་པའི་ཚིག་ངན་དག་བོད་ནང་ཁུལ་དུ་སྤྱོད་ཀྱི་འདུག་པས། ང་ཚོ་བོད་མི་ཡོངས་དང་། དེ་ལས་ཀྱང་གཞོན་སྐྱེས་ཚོས་དོ་སྣང་གནང་རན་འདུག
ཚོགས་ཁག་༡༡། འདིའི་ནང་བོད་ཆོལ་ཁ་གསུམ་གྱི་ཚོགས་པ་སོགས་མང་པོ་ཞིག་འདུག་སྟེ། འདི་ཚོའི་ལས་སྟངས་འདི། ང་ཚོས་ཚོགས་མི་འདི་དག་གི་འདོད་མོས་དང་། སྒྲུབ་བྱ་དེ་ཡིན་པར་འདོད་ཀྱིན་མེད། འདིའི་སྐད་ཆ་དང་བོད་ནང་ཁུལ་དུ་ཁ་གཏད་སྟངས།་ དེ་བཞིན་གཞོན་ནུ་ཚོགས་པ་སོགས་ལ་ཆེད་དུ་དམིགས་སྟངས་འདིས། འདི་དག་གི་ཁ་ཚོགས་སྐྱིད་༡༡ ཡིན་ཡང་། ཁོག་པ་དབུ་མའི་ལམ་རེད་ལ། དབུ་མའི་ལམ་ཚོགས་པའི་གང་ཟག་རེ་ཉིས་ཏེ། ཤར་ཕྱོགས་ཁུག་རྟའི་ལས་ཀ་ཁོ་ན་རེད།
ཤར་ཕྱོགས་ཁུག་རྟའི་སྒྲུབ་བྱ་ནི་གཞོན་ནུ་ཚོགས་པས་གཙོས་བོད་རང་བཙན་དོན་གཉེར་བ་ཚོ་དགྲ་རུ་བཟུང་རྒྱུར་ཁས་བླངས། དམ་བཅས་ནས་ད་ལྟ་མི་ཚེ་འཚོ་ཡོད་པ་རེད་ལ། བཀའ་ཤག་གསར་པའི་སྲིད་སྐྱོང་པ་རྒོལ་ནས། གཞི་མེད་སྐྱོན་བརྗོད་དང་། མང་ཚོགས་བར་དབྱེན་དཀྲུགས་རྒྱག་རྒྱུ་བཅས་ཁོའི་ལས་བྱ་གཙོ་བོར་གྱུར་ཡོད་པ་ཡོངས་གྲགས་རེད།
འོན་ཀྱང་ཚོགས་སྐྱིད་༡༡ ནང་ཚུད་པའི་དབུས་གཙང་ཚོགས་པ་དང་། མདོ་སྟོད་ཚོགས་པ་སོགས་ཀྱིས་ཚོགས་སྐྱིད་འདིའི་ཁོངས་ནས་ཕྱིར་འཐེན་བྱེད་དགོས་པ་རེད། གལ་སྲིད་མུ་འཐུད་ལས་ཀ་བྱེད་འདོད་ཡོད་ན། ཚོགས་པ་དེ་ཚོའི་མི་མང་གི་མངོན་འདོད་སྒྲུབ་དགོས་པ་ལས། གང་ཟག་རེ་ཟུང་གི་མངོན་འདོད་སྒྲུབ་བྱེད་དུ་གྱུར་སོང་ན། མཐའ་གཅིག་ཏུ་ངོ་རྒོལ་ཡོད་ལ། ཁྱེད་རང་ཚོའང་ཚོགས་ཁོངས་སོ་སོ་ནས་ཕྱིར་འབུད་བྱེད་སྲིད་པ་ཡིན།
ད་དུང་མདོ་སྟོད་ཚོགས་པ་ཞེས་པའི་སྟེང་ལ། རྡ་སའི་མདོ་སྟོད་ཚོགས་པ་ཟེར་བ་ཞིག་ཀྱང་འདུག་པས། གང་འདྲ་ཞིག་ཡིན་ནམ། གལ་སྲིད་ཚོོགས་པ་འདི་བོད་གཞུང་དང་གོང་ས་མཆོག དེ་བཞིན་མདོ་སྟོད་རྒྱ་ཆེའི་མི་མང་གིས་ངོས་ལེན་མེད་པ་དང་། ཁྲིམས་འགལ་ཐོག་ཇག་པ་རེ་ཟུང་གིས་མཁྲེག་བཟུང་བྱས་པའི། ཆུ་སྒང་རྫུན་མའི་ཚོགས་པ་དེ་ཡིན་ན། ཚོགས་སྐྱིད་སྐྱིད་སྡུག་ནང་བཅུག་པ་ཁྲིམས་འགལ་རེད་ལ། གནས་སྟངས་འདིའི་འོག་ནས་ཚོགས་སྐྱིད་སྐྱིད་སྡུག་འདི་རང་བཞིན་གྱིས་ཁྲིམས་འགལ་གྱུར་ཟིན་པ་རེད།
དེས་མ་ཚད་གལ་སྲིད་ཚོགས་སྐྱིད་སྐྱིད་སྡུག་འདི་ཁྲིམས་འགལ་ཐོག་བཙུགས་ནའང་། དོན་གྱི་གཟི་བརྗིད་ལྡན་པའི་ཆུ་སྒང་ཚོགས་པ་འདི་ཁྲིམས་མཐུན་མིན་པའི་ཚོགས་སྐྱིད་སྐྱིད་སྡུག་འདི་ནས་ཕྱིར་འཐེན་བྱེད་དགོས་པ་ལས། ཁྲིམས་འགལ་ཐོག་ནས་འདུག་མི་འོས་པ་ཡིན། དེ་ནི་ཚོགས་སྐྱིད་འདིའི་གྲུབ་ཆ་ཚང་མས་ཧ་གོ་དགོས་པ་ཞིག་རེད།
མཐའ་དོན་བྱས་རྗེས་བ་སྤུ་ཙམ་ངོམ་རྒྱུ་མེད་པའི་ཁ་ཤོམ་ལུང་པ་གང་རྒྱག་དགོས་པའི་ཚོགས་སྐྱིད་༡༡ ཟེར་བ་ཁྱེད་རང་ཚོས་ཅི་ཞིག་བྱེད་མོས་ཀྱིན་ཡོད་ན། ང་ཚོ་མང་ཚོགས་ཀྱིས་ཡིན་ཤག་ཤག་ཐོག་གཏན་ནས་ཁས་ལེན་བྱེད་འདོད་མེད་ལ། ང་ཚོ་ལ་ནང་ཁུལ་འཐེན་ཁྱེར་དང་། དབྱེན་དཀྲུགས་བྱ་རྒྱུ་འདི་དང་། དེ་བཞིན་རང་བཙན་དང་དབུ་མའི་ལམ་སོགས་གལ་ཆེན་མིན་པ། བོད་ཀྱི་བདེན་མཐའ་སེལ་རྒྱུ་འདི་ཡིན་པས། ནུས་ཤུགས་འདྲ་ཡོད་ན་ཕྱི་རོལ་དགྲ་བོ་ལ་ཕྱུང་རོགས། དེ་མིན་ཁྱི་ཁ་བཙུམས་ནས། ཁ་ཁ་རོག་སྡོད་ཟེར་རྒྱུ་ཡིན།