སྐུ་མཁྱེན་ངའི་ཟིན་བྲིས་འདི་བསྐྱར་དུ་མ་བསུབ་རོགས།

ཚོགས་པ་བཅུ་གཅིག་ཟེར་བའི་གསལ་བསྒྲགས་ཀྱི་རྒྱབ་ལྗོངས།

ཚོགས་པ་བཅུ་གཅིག་གི་གསལ་བསྒྲགས་ཀློག་མཁན་མ་རག་པར་རྒྱན་རྒྱག་རྒྱུའི་སྐད་ཆ་བྱུང་འདུག

ཉེ་བའི་བདུན་ཕྲག་གཅིག་ཙམ་ནས་དྷ་སའི་ཚོགས་པ་བཅུ་གཅིག་ཟེར་བས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་རྒོལ་གཏམ་གྱི་གསལ་བསྒྲགས་ཤིག་སྤེལ་འཆར་ཡོད་སྐོར་གོ་ཐོས་བྱུང་ལ། དེ་ཐོག་ལ་ཐོག་མ་བསམ་ཚུལ་འདོན་མཁན་དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཡིན་པ་གོ་སོང། གནད་དོན་དེའི་ཆེད་ཚོགས་འདུ་སྔ་རྗེས་གང་མང་ཞིག་འཚོགས་ཡོད་འདུག་ལ། ཚོགས་པ་ཁག་གི་སྐུ་ཚབ་རྣམས་ཅུང་རྩོད་གླེང་གི་རྣམ་པ་ཡང་ཤུགས་ཆེ་བྱུུང་ཡོད་ཚུལ་གོ་རྒྱུ་འདུག

ད་རེས་ཀྱི་གསལ་བསྒྲགས་འདིའི་ནང་གི་མདུན་བསྐྱོད་དཔའ་བོའི་དྭངས་རྩེ་ནི། རྒྱ་གཞུང་གི་དར་དམར་འཕྱར་བཞིན་བཀའ་ཁྲི་བློ་བཟང་སེང་གེས་སྣེ་ཁྲིད་པའི་བོད་མིག་སྒྲིག་འཛུགས་སམ་བོད་གཞུང་ལ་ངོ་རྒོལ་བ་ཤར་ཕྱོགས་ཁུག་རྟ་ཟེར་བ་དེ་ཡིན་པ་དང། དེ་ཡང་དབུ་མའི་ལམ་གྱི་ལས་འགུལ་ཁང་ཞེས་པའི་མིང་ཐོག་ནས་ཡིན་འདུག ཁོ་ལ་རམ་འདེགས་པ་གཙོ་ཆེ་ཤོས་མདོ་སྨད་དབུས་རྒྱུན་ལས་ཀྱི་ཚོགས་གཙོ་བསྟན་པའི་དངོས་གྲུབ་ཟེར་བ་དེ་ཡིན་པ་དང། ད་དུང་དྷ་སའི་ཆུ་སྒང་གི་མིང་ཁུར་བ་དེའི་ནང་མུ་མཐུད་ལྕགས་ཀྱི་རྐུབ་སྟེགས་སུ་ལོ་ཉི་ཤུ་ཙམ་ལ་སྡོད་མཁན་ཐུབ་བསྟན་ལེགས་བཤད་ཟེར་བ་དེ་གསུམ་གླིང་སྒྲུང་ནང་གི། དཔའ་ཡ་མེད་རྒྱ་ཚ་ཞལ་དཀར་དང། དཔའ་ཚ་ཞང་འདན་མ་བྱང་ཁྲ། དཔའ་ལ་མི་སྤྱང་དཀར་པོ་བཅས་ཀྱི་ཚབ་ལྟ་བུ་ཡིན་མདོག་བསྟན་འདུག

 

ཐོག་མ་ཁོ་ཚོའི་ཚོགས་འདུའི་ནང་བསམ་ཚུལ་མི་མཐུན་པ་མང་པོ་ཡོང་ཡོད་པ་དང། རང་བཙན་ཚོགས་འདུར་རྒོལ་གཏམ་དང། རང་བཙན་ཚོགས་འདུར་ཞུགས་པའི་སྤྱི་འཐུས་དག་ལ་རྒོལ་གཏམ་སྤེལ་རྒྱུ་སོགས་ཀྱི་སྐོར་མང་པོ་གླེང་ཡོད་འདུག དེའི་རྗེས་ཀྱི་ཚོགས་ཐེངས་ཤིག་ཏུ་མདོ་སྨད་དབུས་རྒྱུན་ཚོགས་གཙོ་བསྟན་པའི་དངོས་གྲུབ་ཟེར་བས་གཞོན་ནུ་ཚོགས་པ་ལ་རྒོལ་གཏམ་གྱི་གསལ་བསྒྲགས་ཟིན་བྲིས་ཤིག་ཁུར་ནས་ཡོང་ཡོད་འདུག་པ་དང། དེའི་ནང་ཚོགས་མི་གཞན་རྣམས་ཀྱི་འདོད་པ་ཁེངས་ངེས་ཤིག་མེད་པ་བྱུང་མེད་པ་དང། ལྷག་དོན་ཤར་ཕྱོགས་ཁུག་རྟ་ཟེར་བ་སོགས་ལ་དགོས་པའི་ངར་ཤུགས་དེ་ཙམ་མེད་པའི་སྐད་ཆ་འདུག ཟིན་བྲིས་དེ་འབྲི་མཁན་མདོ་སྨད་སྤྱི་འཐུས་རྒྱ་རིགས་ཐར་ཟེར་བ་ཡིན་ཚུལ་འདུག་ཀྱང། དངོས་གནས་ཡིན་མིན་ཁ་ཚོན་གཅོད་དཀའ། ཟིན་བྲིས་དེར་ཤར་ཕྱོགས་ཁུག་རྟ་ཟེར་བའི་གཞུང་རྒོལ་བ་དེས་ཨུ་ཚུགས་བྱས་ནས་གཞོན་ནུ་ཚོགས་པ་༧གོང་ས་མཆོག་གི་སྐུ་ཕྱྭར་བདོ་མཁན་ཡིན་ཚུལ་ཡང་ཁ་སྣོན་བརྒྱབ་འདུག དེར་བརྟེན་ཚོགས་མི་མང་པོ་ཞིག་ཡི་དེ་ཙམ་མ་རངས་པའི་སྐད་ཆ་འདུག་ལ། ཟིན་བྲིས་དེ་གཏན་འབེབས་བྱས་ནས་ཉིན་བཞི་ལྔ་ཞིག་ལ་གསལ་བསྒྲགས་དེ་སྤེལ་མེད་པ་རེད།

 

ཕྱི་ཚེས་༦ ཉིན་གསལ་བསྒྲགས་སྤེལ་བའི་སྐབས་གཞུང་རྒོལ་བ་ཤར་ཕྱོགས་ཁུག་རྟ་ཟེར་བའི་བསམ་ཚུལ་གཙོ་བོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་༧གོང་ས་མཆོག་གི་སྐུ་ཕྱྭར་བདོ་མཁན་རེད་ཟེར་བའི་ཚིག་དེ་ཕྱིར་འཐེན་བྱས་འདུག གནད་དོན་གཞན་གྱི་ཐོག་ནས་ཚོགས་མི་རེ་ཟུང་གིས་ང་ཚོས་འབེན་ལ་ཕོག་མི་འདུག་ཅེས་ཀྱང་བརྗོད་ཡོད་འདུག ཚོགས་གཞན་ཞིག་གིས་འབེན་ག་རེ་རེད་ཅེས་དྲིས་ཚེ། འབེན་ངོ་མ་དེ་སྤྱི་འཐུས་ཟླ་བ་ཚེ་རིང་ལ་སྤྱི་རྒྱུ་སྒེར་བདག་བྱེད་མཁན་རེད་ཅེས་གླེང་སློང་བྱེད་མཁན་དག་རེད་ཅེས་ཀྱང་བརྗོད་འདུག

 

ད་དུང་དགོད་སྤྲོ་བ་ཞིག་ལ། ཚོགས་པ་བཅུ་གཅིག་ཟེར་བའི་སྐུ་ཚབ་པའི་ནང་ནས་གསལ་བསྒྲགས་དེ་སྒྲོགས་སྦྱང་བྱེད་མཁན་མ་རག་པར་དཀའ་ངལ་འཕྲད་ཡོད་པ་དང། ཚོགས་མི་རེ་ཟུང་གིས་ཐོག་མའི་བསམ་ཚུལ་དེ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་བཏོན་པ་ཡིན་པས་སྒྲོགས་སྦྱང་ཡང་ཁོང་གིས་གནང་ན་འོས་འཚམ་ཡོད་ཚུལ་བརྗོད་འདུག་ཀྱང། ཁོང་གིས་ང་དབུ་མའི་ལམ་གྱི་ལས་འགུལ་ཁང་ནས་ཡིན་པས། དེ་ལྟར་བྱས་ན་འོས་འཚམ་མེད་ལུགས་བརྗོད་ནས་ཁས་བླངས་མི་འདུག དེ་ནས་ཚོགས་འདུ་དེའི་ནང་མི་རྒན་པ་གསུམ་ཡོད་པའི་ནང་ནས་གཅིག་གིས་ཀློག་ན་འོས་འཚམས་ཡོད་ཚུལ་བརྗོད་པའི་ཚེ་དང་ལེན་བྱེད་མཁན་མ་བྱུང་བར། མཐའ་མ་རྒྱན་བརྒྱབ་ནས་སུ་ལ་བབས་ཀྱང་དེས་ཀློག་རྒྱུའི་བགྲོ་གླེང་ཡང་བྱུང་ཡོད་འདུག དེ་ལྟར་བཤད་བཤད་ནས་མཐའ་མ་རྒྱན་བརྒྱབ་ན་ངོ་ཚ་དགོས་པ་ཞིག་རེད་ཅེས། ཆུ་སྒང་གསར་པའི་མིང་ཁུར་བའི་རྒྱུན་ལས་ཐུབ་བསྟན་ལེགས་བཤད་ཀྱིས་སྒྲོགས་སྦྱང་བྱེད་རྒྱུ་དང། གསར་འགོད་པར་ཁ་གཏད་གཅོག་རྒྱུ་གཞུང་རྒོལ་བ་ཤར་ཕྱོགས་ཁུག་རྟས་དཔའ་ཁས་བླངས་འདུག གསལ་བསྒྲགས་སྤེལ་བའི་སྐབས་ཀྱི་གནས་ཚུལ་གང་བྱུང་ཡོད་མེད། དྲ་ལམ་ཁག་ཏུ་གསལ་འདུག་པས་འདིར་བརྗོད་དགོས་དོན་གང་ཡང་མི་འདུག

 

གཙོ་ཆེ་ཤོས་གསར་འགོད་གསལ་བསྒྲགས་དེ་མི་རེ་ཟུང་ཞིག་གིས་འཁྲབ་སྟོན་ཙམ་ལས་ཚོགས་པ་དེ་དག་གི་ཁོངས་སུ་ཡོད་པའི་མི་མང་ལྟ་ཅི། ཚོགས་ཆེན་ཐོག་ཏུ་ཡོད་པའི་སྐུ་ཚབ་ཚོས་ཀྱང་འདོད་མོས་མེད་པ་གསར་འགོད་གསལ་བསྒྲགས་དེ་སྒྲོགས་སྦྱང་བྱེད་མཁན་རྒྱན་རྒྱག་དགོས་པའི་མཚམས་སུ་སླེབས་པ་དེས་ཐོག་ནས་གསལ་སྟོན་བྱས་པ་རེད། གསར་འགོད་གསལ་བསྒྲགས་ཀློག་མཁན་མ་རག་པས་རྒྱན་རྒྱག་རྩིས་བྱེད་དགོས་ཐུག་པ་བཙན་བྱོལ་ནང་གི་ཟིན་ཐོ་དང་པོ་ཡིན་གྱི་རེད།

 

མདོར་ན་གསལ་བསྒྲགས་འདིའི་སྔ་རྗེས་ཀྱི་རྒྱུད་སྐུལ་བྱེད་མཁན་དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་དང། དབུ་མའི་ལམ་གྱི་ལས་འགུལ་ཁང་གི་དྲུང་ཆེའི་མིང་ཁུར་བ་གཞུང་རྒོལ་བ་ཤར་ཕྱོགས་ཁུག་རྟ་གཉིས་ཡིན་འདུག་པ་དང། ད་དུང་དེའི་རྒྱབ་ལོགས་ལ་སུ་ཞིག་ཡོད་དམ། སུས་ཧ་གོ སུད་སི་རུ་ཤར་ཁུག་གི་ཕ་ཚབ་ཅིག་ཡོད་པ་དེ་ཡང་ཡང་རྒྱ་གཞུང་གི་དཔོན་རིགས་ཚོ་དང་ཐུག་འཕྲད་བྱེད་བཞིན་ཡོད་པའི་སྐད་ཆ་ཡོངས་གྲགས་ཆགས་འདུག་པས། དཔལ་འབྱོར་གྱི་འགྲོ་གྲོན་དེ་ཚོ་དེ་འདྲ་ཞིག་ནས་ཡོང་གི་མེད་དམ་བསམ་ནས། བླ་མ་མཁྱེན། ངའི་སེམས་པ་གྲང་ཤུར་ཤུར་ཆགས་སོང།།

 

ཤར་ཕྱོགས་ཁུག་རྟ་ཟེར་བ་དེས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཀྱི་སྣེ་མོ་བ་དང་གྲགས་ཅན་བླ་སྤྲུལ་ཁག་སོགས་ལ་དམའ་འབེབས་དང་ཟུར་ཟ་བྱས་པ་སོགས་འདི་ཚོ་ལ་འདུག

གཤམ་གྱི་དྲ་རྒྱའི་འབྲེལ་ཐག་ཁག་ལ་གནོན་ཙམ་གནང་ན་ཆ་ཚང་གཟིགས་ཐུབ།

༡༢༽      བཀའ་ཁྲི་ངོ་མ་དེ་དེ་རིང་ཚེ་རིང་དོན་གྲུབ་རང་རེད།

http://www.khabdha.org/?p=27148

༡༡༽      ཆོས་རིག་བཀའ་བློན་ཨ་རི་ནས་རྒྱ་གར་ལ་བཏང་མི་འདུག

http://www.khabdha.org/?p=27107

༡༠༽      བཀའ་ཁྲིས་ཕྱག་མཛོད་མདོ་སྔགས་དང་འོད་ཟེར་གཉིས་ལ་ཁྲོ་ཉམས་ཀྱིས་སྩལ་བའི་བཀའ་ལན།

http://www.khabdha.org/?p=26220

༩༽        སྲིད་བྱུས་ཉམས་ཞིབ་ཁང་དང་ཁྲལ་སྒྲུབ་ཁང།

http://www.khabdha.org/?p=23752

༨༽        བོད་མི་ཚོར་སྤྲིངས་པའི་སེམས་འཕྲིན།

http://www.khabdha.org/?p=23029

༧༽        མི་ཞུ་ཐབས་མེད་ཀྱི་གསལ་བཤད་ཅིག

http://www.khabdha.org/?p=23629

༦༽        སེང་གེའི་བཀའ་ཤག་གི་མདུན་ལམ།

http://www.khabdha.org/?p=23169

༥༽        བཀའ་བློན་འདི་གཉིས་ངར་༸པཎ་ཆེན་རིན་པོ་ཆེ་དྲན་བཅུག་སོང་།

http://www.khabdha.org/?p=23660

༤༽       ན་མཉམ་སྐུ་ལོ་གྲགས་ཅན་ཁག་ཅིག་ལ།

http://www.khabdha.org/?p=18733

༣༽        སྤྱི་འཐུས་ལྷན་རྒྱས་ལ་དངུལ་ནག་རྒྱག་གི་འདུག

http://www.khabdha.org/?p=17317

༢༽        སྐབས་བཅུ་བཞི་པའི་སྤྱི་འཐུས་ལྷན་ཚོགས་ལ་དེའི་དབང་ཚད་ཡོད་དམ།

http://www.khabdha.org/?p=17112

༡༽        བཀའ་ཁྲི་བཀྲས་མཐོང་ལ་ཐོབ་སོང་།

http://www.khabdha.org/?p=16738