དེང་སང་གི་དབུ་མའི་ལམ་དང་རང་བཙན་གཉིས་བསྡུར་བ།

ཨོ་རྒྱན་ཉི་མ།
སྤྱིར་བཏང་གང་ཟག་མཆོག་དམན་གཉིས་སུ་ཕྱེ་སྟེ། མཆོག་ལ་བྱ་དགའ་སྤྲོད་པ་དང་། དམན་ལ་ཉེས་ཆད་གཏོང་བ་དེ་དགོས་ངེས་ཤིག་དང་། དུས་ནམ་ཡང་མི་ནུབ་པར་འཛིན་དགོས་རྒྱུའི་གལ་གནད་ཅིག་རེད། གང་ཟག་མཆོག་དམན་ཟེར་ཡོང་དུས་བཙན་པོ་དང་།

དབང་ཡོད་ཀྱིས་མཐོན་པོར་ཆགས་པ་དང་། དོན་གཉིས་སྨན་པའི་རྣམ་དཔྱོད་ཀྱིས་ཕྱུག་པའི་གང་ཟག་ཡོན་ཏན་གྱིས་མཐོན་པོར་ཆགས་པ་གཉིས་སུ་ཡོད་པ་ལས། སྔ་མ་དེ་བླུན་པོ་དང་། ཕྱི་མ་དེ་མཁས་པ་རེད། དེ་ཕྱིར་མཁས་པ་ལ་གཟེངས་བསྟོད་མེད་ན་བླུན་པོ་ངོ་སོ་མཐོ་བ་དང་། བླུན་པོ་ལ་ཆད་པ་མེད་ན་མཁས་པའི་རིན་ཐང་བརླགས་ངེས་པས་ན། མཁས་བླུན་དང་། མཆོག་དམན་མ་ནོར་བའི་སྒོ་ནས་ལེགས་ཉེས་འདེམས་པ་ལ་བྱང་ཆུབ་པར་བྱ་དགོས་པར་མ་ཟད། དུས་ནམ་ཡང་ནོར་མི་རུང་བ་དེ་ཡང་གལ་གནད་ཅིག་རེད། འདི་ནི་དབུ་མའི་ལམ་པ་དང་། རང་བཙན་རྩོད་མཁན་གཅིག་པུ་ལ་དམིགས་ནས་བཤད་པ་མིན་པར། ཕྱོགས་ཐམས་ཅད་ལ་གོ་དགོས་པའི་གན་རྒྱ་ཡིན། རང་ཉིད་ཆོས་པ་ཞིག་ཡིན་པའི་ཆ་ནས་དང་། གཞུང་ཆེན་ཁག་ལ་ཐོས་བསམ་བྱེད་མཁན་ཞིག་གི་གོ་ས་བཟུང་ཡོད་པའི་ཆ་ནས་བལྟས་ན། གྲྭ་བ་དང་། བཙུན་མ། ཆོས་པ་ཚོས་དབུ་མའི་ལམ་གྱི་སྣེ་མོ་འཛིན་དགོས་པ་དང་། དེ་ཉིད་ལ་ཤུགས་སྣོན་རྒྱག་ན་དུས་ནམ་ཡང་མི་རིགས་དང་། རིག་གཞུང་ལ་གྱོང་གུད་དང་། ཉམ་ཆག་ཅིག་ཡོད་པར་མི་སེམས་ལ། དེ་ནི་ཆོས་དང་མི་འགལ་ཞིང་། འཇིག་རྟེན་ཡ་རབས་སྤྱོད་པ་དང་མི་འགལ་བའི་ལམ་བཟང་ཞིག་ཡིན་པ་ནི་མགྲིན་པ་བཏེགས་ཏེ་སྨྲ་བར་སྤོབས། རང་བཙན་རྩོད་དྲན་ན་མི་སྐྱ་ཞིག་ཡིན་དགོས་པ་དང་། དེ་ཡང་ཆགས་སྡང་རང་མཚན་པ་ཡིད་ཡུལ་ནས་དུས་ནམ་ཡང་འདོར་མི་ཐུབ་པར་མ་ཟད། བོད་རང་དང་། དགོས་རང་ཉིད་ལས་གཞན་པའི་བསམ་པ་རྒྱ་ཆེན་པོ་ཞིག་མེད་མཁན་ཞིག་དགོས་པ་དེ་ཡང་དངོས་ཀྱི་གནས་སྟངས་རེད།

རང་བཙན་རྩོད་མཁན་ཚོར་བསམ་བློ་བཏང་བ་ཡིན་ན་གང་ཟག་སྒེར་རང་ངོས་ནས་གང་ཟག་དང་། ཆབ་སྲིད་དང་། དཔལ་འབྱོར་གྱི་ཤེས་ཡོན་གྱི་ཆ་ནས་དམན་པ་ཞིག་ཏུ་འཛིན་མི་རུང་བ་དང་། ཁྱེད་ཚོའི་མདུན་བསྐྱོད་དེ་མཐའ་གཅིག་ཏུ་བསྐྱུར་དགོས་ཞེས་བཤད་པའི་སྤོབས་པ་མེད་ལ། ཁྱེད་ཚོའི་ལས་དེ་འཇིག་རྟེན་མི་ཆོས་ཀྱི་ཕྱོགས་ནས་བཤད་ན་དགོས་ངེས་ཤིག་ཡིན་ཡང་། དབུ་མའི་ལམ་པ་དང་བསྡུར་ན་བསམ་བློ་རྒྱ་ཆུང་བ་དང་། དམིགས་ཡུལ་རང་ཕྱོགས་ཁོ་ན་བཟུང་ཡོད་པའི་ཆ་ནས་མཆོག་དམན་གཉིས་ལས་དམན་པ་ལས་འགྲོ་ས་མེད་པ་རེད།དབུ་མའི་ལམ་དང་རང་བཙན་རྩོད་མཁན་གཉིས་ཀྱི་གང་ཟག་དང་། དེ་དག་གི་རྣམ་དཔྱོད། དམིགས་ཡུལ་དང་། དགོས་པ། གྲུབ་འབྲས་གང་ལ་བསམ་བློ་བཏང་བ་ཡིན་ན། བོད་ཀྱི་གང་ཟག་ཆེ་བ་ཕལ་མོ་ཆེས་དབུ་མའི་ལམ་གྱི་ཕྱོགས་སུ་ཡོད་པ་དང་། དེ་དག་ནི་ལུགས་གཉིས་ཀྱི་མཁྱེན་རྒྱ་ཆེ་བ་དང་། རྒྱ་བོད་གཉིས་དང་འཛམ་གླིང་སྤྱི་ལ་སྨན་པའི་བསམ་བློ་རྒྱ་ཆེ་བ་དང་། རང་གི་རིག་གཞུང་གི་རིན་ཐང་དང་། མི་རིགས་ཀྱི་ཡ་རབས་སྤྱོད་བཟང་དག་འཇིག་རྟེན་འདིར་ཡུན་རིང་གནས་ཐུབ་པའི་དགོས་པ་དང་། ཤར་ནུབ་ཀྱི་སྐྱེ་བོ་ཕལ་མོ་ཆེ་སེམས་ན་བཅོས་མིན་གྱི་བརྩེ་བ་དང་། བྱམས་པ། སྙིང་རྗེའི་ས་བོན་བསྐྲུན་ཐུབ་ཡོད་པའི་ཆ་ནས་གྲུབ་འབྲས་ཆེ་བ་དང་། རང་བཙན་རྩོད་མཁན་གང་ཟག་དཀྱུས་མ་ཡིན་པར་མ་ཟད། དེའི་ནང་ནས་ཆ་ཤས་ཤིག་ལས་མེད་པ་དང་། དེ་དག་གིས་ཆབ་སྲིད་ཀྱི་དགོས་དབང་ཁོ་ན་ལ་ལྟོས་པའི་ཕྱོགས་སུ་ལྷུང་བ་དང་། བོད་རང་ལས་གཞན་ལ་བསམ་བློ་མེད་པ་དང་། དགོས་པ་ཡང་འགྲུབ་མིན་གྱི་ཐེ་ཚོམས་ཀྱི་གནས་སུ་གྱར་བར་མ་ཟད། གྲུབ་འབྲས་ཀྱང་མངོན་གསལ་དོད་པོ་ཞིག་ད་ལྟ་བསྟན་དུ་མེད་པར་མ་ཟད། བོད་རང་ཁོ་ན་ལ་དགོས་པའི་རང་དབང་ཞིག་ལ་འདུན་པ་གཏད་དྲག་པ་དང་། གཞན་ལ་གནོད་པའི་བསམ་སྦྱོར་གྱི་རང་འདོད་ཁོ་ན་གཙོ་ཆེར་འཛིན་དྲག་ན་གཞུག་ནས་གྲུབ་འབྲས་ལ་ཡང་སྐྱོན་རྒྱག་སྲིད་པས་རྒྱ་ཆུང་བ་རེད།བོད་ཀྱི་ཆོས་དང་རིག་གཞུང་གིས་མ་འཇོན་ནས་རང་བཙན་ཤོར་སོང་བ་དང་། བོད་ཀྱི་རང་དབང་བརླགས་སོང་ཟེར་མཁན་མང་པོ་རེད། དེ་ནི་གནས་སྐབས་དང་མཐར་ཐུགས་གང་ལ་བསམ་བློ་བཏང་བ་ཡིན་ན་བླུན་པོའི་གཏམ་དུ་ངེས་པ་དང་། བསམ་བློ་བཏང་མ་ཤེས་པའི་སྐད་ཆ་རེད། ལོ་ངོ་སྟོང་ཕྲག་གཅིག་དང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལ་ཕྱིར་བལྟས་བྱས་པ་ཡིན་ན་བོད་མི་རིགས་མེད་ས་ནས་ཡོད་སར་དང་། རིག་གཞུང་གིས་དབུལ་བའི་ཤེས་རྨོངས་ལས་ཤེས་ལྡན་དང་། མི་ལ་ངོམ་རིན་ཡོད་པ་དང་། རང་གི་ཉར་རིན་ཡོད་པའི་བོད་ཀྱི་རིག་གཞུང་འདི་ཆོས་ལ་བརྟེན་ནས་བྱུང་བ་དང་། ཆོས་དང་། བོད་ཀྱི་བརྡ་སྤྲོད་པའི་གཞུང་འདི་དག་མེད་ན་རྒྱལ་ཁབ་གཞན་པའི་མངའ་ཁོངས་སུ་སྔོན་ནས་གྱུར་ཡོད་པར་མ་ཟད། སྐད་ཡིག་ཀྱང་ལོགས་སུ་མེད་པའི་མི་རིགས་ཤིག་ཏུ་འགྱུར་ཡོད་ངེས་རེད།

རང་བཙན་རྩོད་མཁན་ཚོས་བོད་ཀྱི་ཆབ་སྲིད་ནང་གྲྭ་བ་ཚོ་འཚང་མ་འོངས་ཞེས་དངོས་སམ་བརྒྱུད་ནས་བཤད་བཞིན་པ་དང་། བཤད་པ་དེ་དོན་ལ་མཐུན་པའི་གཏམ་དུ་མཐོང་། སྔོན་གྱི་དུས་སུ་ཆོས་སྲིད་གཉིས་གྲྭ་བས་བསྐྱང་མི་རུང་ཡང་། མ་བསྐྱང་རང་སྐྱོང་རེད། མི་སྐྱའི་ནང་དུ་ཡོན་ཏན་ཡོད་མཁན་ཉུང་ཉུང་རེད། གླང་དར་མས་ཆོས་རྒྱལ་གྱི་དབུ་འཕངས་སྨད་པ་དང་། དཔལ་གྱི་རྡོ་རྗེས་གླང་དར་བསད་པ་གཉིས་ཀྱིས་བོད་ཀྱི་ཆོས་སྲིད་གཉིས་ཉམས་དམས་པར་གྱུར་སོང་བ་རེད། དེའི་རྗེས་ནས་བོད་བླ་མས་སྐྱོང་བ་ནས་ད་ལྟའི་བར་མཇུག་མ་དྲིལ་བ་རེད། ད་ལྟ་མི་སྐྱ་ཚོས་ཤུགས་རྒྱག་པའི་དུས་ཚོད་ལ་བསླེབ་པ་རེད་ལ། དེང་སང་ཆབ་སྲིད་སྦྱང་ན་ནུབ་ཕྱོགས་པའི་ཆབ་སྲིད་སྦྱང་དགོས་པ་དང་། ཤར་ནུབ་གཉིས་སུ་ཆབ་སྲིད་ནུབ་ཕྱོགས་ཅན་དུ་ལ་ལར་བསྒྱུར་ཟིན་པ་དང་། འགའ་ཞིག་ཏུ་སྒྱུར་བཞིན་པ་རེད། ཆབ་སྲིད་ནུབ་ཕྱོགས་པའི་ལམ་ལུགས་སུ་བསྒྱུར་ན་ཁེ་བཟང་ཞིག་རག་རྒྱུད་ཡོད་སྣང་མི་འཆར་ཡང་། ཁྱེད་ཅག་གི་འདོད་པ་རེད། ནུབ་ཕྱོགས་པའི་ཆབ་སྲིད་ཕལ་མོ་ཆེ་རིག་གསར་བསྐྱར་དར་དུས་ཀྱི་ཆབ་སྲིད་དང་། རིག་གསར་གྱི་ལྟ་གྲུབ་སྙིང་པོ་དེ་རང་མཐོང་དང་། ང་རྒྱལ། འགྲན་རྩོད་གཞིར་བཞག་གི་ཐོགས་ནས་བཞག་པ་ཞིག་ཡིན་དུས་རྩ་ནས་རྙོག་དྲ་མེད་པ་དང་། འགྲན་རྩོད་མེད་པ་། ཞི་བདེའི་རྒྱལ་ཁབ་ཅིག་ཏུ་འགྱུར་ཐུབ་པ་ཁག་པོ་རེད་ལ། དེའི་ནང་ནས་སྲོལ་རྒྱུན་གྱི་ཡ་རབས་སྤྱོད་བཟང་གི་རིག་གཞུང་སྲོག་རྩ་གཅོད་ཅིང་། ཡོད་ཚད་ནུབ་ཕྱོགས་ཅན་དུ་འགྱུར་འགྲོ་ངེས་རེད། ནུབ་ཕྱོགས་པའི་ཆབ་སྲིད་ལ་དེ་འདྲའི་ནུས་པ་ཞིག་དང་། རྐྱེན་པོ་ཞིག་ཡོད་པའི་རྒྱུ་མཚན་དེ་ཡང་། ཆབ་སྲིད། དཔལ་འབྱོར། ཚན་རིག་གསུམ་གཅིག་གྲོགས་གཅིག་ལ་བརྟེན་ནས་བྱུང་བ་ཤ་སྟག་རེད། གང་ན་ནུབ་ཕྱོགས་པའི་ཆབ་སྲིད་ཡོད་ན་དེ་ལ་དཔལ་འབྱོར་དང་ཚན་རིག་གཉིས་ཡོད་ཡོད་པ་དང་། ཆབ་སྲིད་མེད་པའི་ནུབ་ཕྱོགས་པའི་ཚན་རིག་དང་། དཔལ་འབྱོར་ཡོད་མི་སྲིད་ལ།  ཆབ་སྲིད་ཀྱི་དཔུང་ཤུགས་དཔལ་འབྱོར་ལ་བརྟེན་པ་དང་། དཔལ་འབྱོར་གྱི་རྒྱབ་བསྐྱོར་ཚན་རིག་གིས་བྱེད་བཞིན་པ་དང་། དེ་གསུམ་ཆུ་དང་ཆུ་ལོན་བཞིན། མེ་དང་བུད་ཤིང་བཞིན་ནང་ཕན་ཚུན་གྲོགས་བྱས་པ་ལ་བརྟེན་ནས་བྱུང་བ་རེད།སྲོལ་རྒྱུན་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གཞུང་གསུམ་རང་ས་ན་རང་དབང་གིས་འཚོ་བ་ལས། ཕན་ཚན་མེད་ན་མི་འབྱུང་གི་འབྲེལ་བ་གྲུབ་ཐུབ་པ་ཁག་པོ་རེད། དེ་ཕྱིར་ཆབ་སྲིད་དང་། དཔལ་འབྱོར། རིག་གཞུང་གསུམ་མཉམ་དུ་འགྲོ་མི་ཐུབ་པ་དང་། ཐུབ་པ་གཉིས་ལས་འགྲོ་མི་ཐུབ་པ་དེ་མང་ཤོས་རེད། དཔེར་ན་བོད་ཀྱི་ཆོས་ཉམས་སུ་ལེན་མཁན་ཞིག་གིས་ཆབ་སྲིད་ཤུགས་དྲགས་སོང་ན། ཆོས་ཤོར་བ་དང་། ཆོས་ཤུགས་ཆེ་དྲགས་སོང་ན་ཆབ་སྲིད་ཤོར་བ་དང་། དཔལ་འབྱོར་ལ་ཤུགས་ཆེ་སོང་ན་གཉིས་ཀ་ཤོར་འགྲོ་བ་ལས། དེ་གསུམ་གཞི་གཅིག་ཏུ་ཉམས་སུ་བླངས་ཐུབ་མཁན་དཀོན་པོ་རེད། དེ་ཕྱོགས་གཞན་ཞིག་ནས་བཤད་ན་རང་བཙན་ཤོར་སོང་བ་མ་རེད། བཏང་བཞག་པ་རེད། ནང་པའི་ཆོས་གཞུང་ནས་ཁེ་དང་རྒྱལ་ཁ་གཞན་ལ་སྦྱིན། གྱོང་དང་སྦུབ་ཁ་རང་གིས་ལེན་གསུང་པ་བཞིན་ཆོས་ཉམས་ལེན་བྱེད་མཁན་ཞིག་གིས་དགྲ་ལ་བརྒོལ་ལན་སློག་དགོས་ཐུག་དུས་ལས་སླ་མོ་ཞིག་གང་ན་ཡོད། དེ་ཕྱིར་བོད་ཀྱི་རྣམ་དཔྱོད་ཅན་ཕལ་ཆེ་བ་གྲྭ་བ་དང་། མཁན་སྤྲུལ་ཚོ་རེད། གོང་ན་བཞུགས་པའི་མཁན་སྤྲུལ་ཚོས་དངོས་སུ་དགྲ་དང་གདོང་གཏུགས་ཏེ་རྒྱག་རེས་མི་སྲིད་པ་དང་། འོག་མ་ཚོས་ཡ་ལན་བྱས་ཁུལ་བྱས་ཀྱང་དམག་དང་། གོ་མཚོན་ལ་བྱང་ཆ་མེད་པའི་ཐོག ཆོས་རབ་རྣམ་དབྱེད་ཀྱི་མི་ལྡོང་བ་ཤ་སྟག་རེད། དེ་ཕྱིར་ཡོད་ཚད་ཤོར་སོང་བ་རེད། དེ་དག་ཚང་མ་ཆོས་ཀྱི་ལན་པ་རེད་ཟེར་རྒྱུ་མ་ཡིན་པར། ཆོས་པའི་མཚན་གྱི་ཅོད་པན་འཆང་མཁན་ཚོས་ཆོས་དང་ཆབ་སྲིད་གཉིས་ཀ་སྲ་བརྟན་མེད་པའི་ལས་ཤིག་གམ། ཡང་ན་ཆོས་ཕྱོགས་ལ་རིན་ཐང་ལྟ་བ་ཚོས་གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་པའི་ལས་ལ་འཇིགས་ཏེ་ཡུལ་གྱར་དུ་བསླེབ་བཞག་པ་རེད།གང་ལྟར་ཡང་བཙན་བྱོལ་བོད་གཞུང་དང་། སྒྲིག་འཛུགས་ཀྱི་བར་དབུ་མའི་ལམ་ལ་ཤུགས་སྣོན་མ་རྒྱག་པར། དང་པོ་ཉིད་ནས་རང་བཙན་ཞིག་ལ་རྩོད་བསྡད་ན། ད་ལྟའི་གཟི་འོད་འཕྲོ་བའི་བོད་ཀྱི་རླབས་ཆེན་གྱི་གཟི་བརྗིད་དང་། མི་རིགས་ཡོད་ཚད་ཀྱི་མདུན་དུ་ངོམ་རུང་བའི་རིག་གཞུང་ཡང་མེད་ངེས་པ་དང་། བོད་ཅེས་འཇིག་རྟེན་གྱི་སྐྱེ་བོ་ཕལ་མོ་ཆེའི་ཡིད་ལ་མཛའ་ཞིང་། མགྲིན་ན་མཛེས་པ་དེ་ཡང་མེད་པར་མ་ཟད། ད་ལྟ་བཙན་བྱོལ་བོད་པ་ཚོ་འཚེ་བའི་སྤྱོད་པའི་ཚོགས་སྡེ་ཞིག་ཏུ་གྱུར་ཡོད་ངེས་རེད།

དེང་སང་བཙན་བྱོལ་དུ་རང་བཙན་རྩོད་མཁན་ཚོ་ཡང་འཚེ་བའི་སྤྱོད་པ་ལ་ཅུང་ཟད་འཛེམས་བག་དང་། བསྟུན་མཁས་ཀྱིས་ཞི་བའི་འཐབ་རྩོད་ལ་ཞུགས་པ་དེ་ཡང་དབུ་མའི་ལམ་གྱི་བྱིན་བརླབས་རེད། གལ་སྲིད་དབུ་མའི་ལམ་མེད་རྒྱུ་ན་རང་བཙན་རྩོད་མཁན་གཞན་པ་ཚོ་དང་། བོད་ཀྱི་ན་གཞོན་བསམ་མེད་འགའ་ཞིག་ནང་བཞིན་རྐུབ་བསྟན་པ་དང་། པར་རལ་བ། ངན་སྨྲས་དང་། མཚང་འབྲུ་བྱེད་མཁན་ཞིག་ལས་གཞན་པ་ཡོད་མི་སྲིད་པ་དང་། རྒྱ་གར་གཞུང་གཙོ་བོར་གྱུར་བའི་རྒྱལ་ཁབ་རིམ་པས་བཙན་གནོན་འོག་ཏུ་བཅུགས་ཚར་ཡོད་རྒྱུ་རེད། ད་ལྟ་མིའི་མདུན་ནས་ལང་ཐུབ་པ་དང་། གར་འགྲོ་རང་དབང་དང་། གང་བཤད་ཆོག་མཆན་རག་བསྡད་པ་དེ་ཡང་དབུ་མའི་ལམ་གྱི་བཀའ་དྲིན་ཡིན་པ་ཤེས་དགོས་པ་དང་། དབུ་མའི་ལམ་མེེད་ན་བོད་ཀྱི་བདེན་མཐའ་གསལ་མི་ཐུབ་པ་དེ་ཡང་ངེས་པར་བསམ་བློ་གཏོང་དགོས་སའི་གལ་གཏད་ཅིག་ཡིན། བོད་ཀྱི་སྐྱེ་བོ་ཕལ་མོ་ཆེར་རང་བཙན་དགོས་མཁན་ལས། མི་དགོས་མཁན་ཞིག་ཡོད་ཚོད་མ་རེད། ཡིན་ན་ཡང་དགག་བྱ་དང་དགོས་པ། གནས་སྐབས་དང་མཐར་ཐུག ཁེ་དང་གྱོང་། འཇོན་ཐང་ཡོད་མེད་སོགས་ལ་གཞིགས་ཏེ། གཏམ་བཤད་དགོས་པ་དང་། ལག་ལེན་བསྟར་དགོས་པ་ལས། སྔོན་ཞིག་ལ་རང་བཙན་ཡིན་པ་ཙམ་གྱིས་ད་ལྟ་ལེན་ཆོག་ཆོག་ཅིག་དང་། ལོ་རྒྱུས་ཁུངས་བཙན་ཡོད་པ་ཙམ་གྱིས་ཉམས་འོག་ཏུ་ཚུད་ཡོང་བ་ཞིག་མ་རེད། སྔོན་གྱི་དུས་སུ་རྒྱ་དམག་གི་རྐང་ལ་ལྷམ་མེད། རྒྱབ་ལ་གོས་མེད། ཁ་ལ་ཟས་མེད་ནས་བསླེབས་ཡོང་དུས་ཡ་ལན་མ་ཐོན་པ་རེད། དེང་སང་ས་འོག་ནས་བྱི་ལྟར་འཛུལ། ཆུ་ནང་ཉ་ལྟར་བསྐྱལ། གནམ་ནས་བྱ་ལྟར་འཕུར་ཏེ་དམག་དང་གོ་མཚོན་སྔོན་ལས་བརྒྱ་སྟོང་ཁྲི་ཕྲག་གིས་སྟོབས་ཆེ་བར་གྱུར་དུས་ཁ་གཏད་དུ་ལང་པ་ནི་ངོ་མ་བརྟུལ་ཕོད་རེད་ཡ། དབུ་མའི་ལམ་ལ་བརྟེན་ནས་རང་བཙན་དང་། རང་སྐྱོང་མ་ལོན་རུང་ཕྱོགས་གཅིག་ནས་གྱོང་མེད་པ་རེད། འཛམ་བུ་གླིང་མི་ཚོགས་ཀྱི་མདུན་དུ་བོད་མི་རིགས་དང་། རིག་གཞུང་ཟེར་དུས། མཐོང་བ་ཙམ་གྱིས་ཡིད་དུ་འོང་ཞིང་། བསམ་པ་ཙམ་གྱིས་སེམས་ཐག་ཉེ་བ་ཞིག་ནི་དུས་གཏན་དུ་ལྷག་ཡོད་པས་རེད། རང་བཙན་རྩོད་ནས་མ་ལོན་ན། འཐབ་རྩོད་བྱས་ཏེ་མ་རྒྱལ་ན་གཞུག་ནས་གང་བྱ་རྒྱུ་ཡིན། འཐབ་རྩོད་ཀྱི་མཇུག་འབྲས་རྒྱལ་ཕམ་རེད། བོད་པས་འཐབ་རྩོད་ཀྱིས་རྒྱལ་ཁ་མི་ལོན་པ་དེ་ཐག་བཅད་དེ་སྨྲ་ནུས་པ་རེད། རྒྱལ་ཁབ་གཞན་དང་། མི་རིགས་གཞན་པས་རམས་འདེགས་ཀྱིས་དམག་དང་། གོ་མཚོན་སྤྲད་པ་ཁག་པོ་རེད། གལ་སྲིད་སྤྲོད་པའི་དབང་དུ་དབང་བཏང་རུང་དེ་ནི་དུས་གཏན་མི་རུང་བ་དང་། མི་འོས་པའི་བྱ་བ་ཞིག་རེད། བོད་ཀྱི་སྣོད་བཅུད་ཡོངས་རྫོགས་ཉམས་ཆག་ཏུ་བཏང་། གཡས་གཡོན་གྱི་ཁྱིམ་མཚེས་ཚང་མ་མི་བདེ་བར་བཟོས་ཏེ། ས་སྟོང་ཞིག་རག་ན་གང་བྱས། དགོས་འབྲས་མེད་སོང་བ་རེད། ད་དབུ་མའི་ལམ་དང་འབྲེལ་བའི་ལམ་ཁ་གསུམ་ཡོད་པ་ལས། གཅིག་ནི་རྒྱ་ནག་གཞུང་ལ་ཞུ་བ་རྒྱག་རྒྱུ་རེད། གཉིས་པ་རྒྱ་ནག་ནང་ལོག་འགྱུར་བ་འགྲོ་མིན་བསྒུག་རྒྱུ་རེད། གསུམ་པ་དེ་བོད་ཀྱི་ཡོད་ཚད་བློས་གཏོང་ཐུབ་དགོས་པ་རེད། དེང་སང་གདན་ས་དང་། བཤད་གྲྭ་ཁག་ཏུ་གྲྭ་བ་འགའ་ཞིག་གིས་ད་དཔེ་ཆ་ལྟ་རྒྱུ་མིན། རྗེས་ནས་བེད་ཆོད་ཡོང་ས་མ་རེད་ཟིན་གྱིན་འདུག་ཟེར། བེད་ཆོད་ཡོང་མིན་ཟེར་བ་དེ་ཁྱེད་རང་གི་རིག་གཞུང་ཡིན་མིན་ལྟ་རྒྱུ་རེད་མ་གཏོགས། དེ་ལ་བརྟེན་ནས་དངུལ་སྒྲུབ་པ་དང་། དེས་དབང་བསྒྱུར་བྱ་ཐུབ་མིན་ལ་རག་ལས་པ་ཞིག་ཡིན་པར་མི་སེམས། དེ་ཕྱིར་རང་གི་རིག་གཞུང་དེ་ཉིད་རང་གི་སྲོག་དང་འབྲེལ་ཡོད་པར་བསམ་པ་ལས། རང་གི་ལག་ཆ་དང་། ཡོ་བྱད་ཉིད་དུ་འཛིན་མི་རུང་བ་རྟོགས་དགོས་པར་སེམས་སོ། །