རང་བཙན་སྤོ་ལགས་དང་རྨོ་ལགས།

 གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ།(ལྡི་ལི་མཐོ་སློབ།)

དེ་རིང་ངས་འདས་ཟིན་པའི་གནས་ཚུལ་མང་པོ་ཞིག་ལ་ཕྱིར་དྲན་རེ་བྱེད་དུས་ཁ་སྔོན་སྤྱི་ཟླ་༨་པའི་ཚེས་༥ཉིན་ཆར་ཞོད་ཆེ་བའི་ཞོགས་པ་ཞིག་ལ་ཕྲད་པའི་གནས་ཚུལ་འདི་ངས་ད་ལྟ་ཡང་མ་བརྗེད་པར་དྲན་པའི་གསང་མཛོད་ནང་ཉར་བ་ཡིན།

དེ་ནི་ང་དང་གྲོགས་པོ་སྐོར་ཞིག་མཐོ་སློབ་ཀྱི་ཉིན་གཉིས་ཀྱི་གུང་གསེང་དང་སྟབས་བསྟུན་ནས་ལྡི་ལི་བསམ་ཡས་གླིང་གཞིས་སྒར་(mt)གྱི་ཟ་ཁང་དྲག་གྲས་ཤིག་གི་ནང་ཁ་ལག་ཟ་བར་ཕྱིན་པ་ཡིན། སྐབས་དེར་ང་ཚོས་ཐ་མག་རེ་འཐེན་ཞོར་ཀྱག་ཀྱོག་དང་མི་ཚོགས་མང་བའི་(mt)སྲང་ལམ་དེ་བརྒྱུད་ནས་ཕྱིན་དུས། ནམ་རྒྱུན་ལྡི་ལི་ནང་བོད་དོན་དང་འབྲེལ་བའི་ལས་འགུལ་གང་ཞིག་སྤེལ་ཡང་གཟུགས་པོ་བདེ་ཐང་ལ་མ་ལྟོས་པར་རྟག་པར་ཡོང་མཁན་ལོ་ན་༧༧ ཅན་གྱི་རྨོ་ལགས་ཁོང་སྟེས་དབང་གི་ཐུག་སོང། ངས་ཁོང་ལ་སེམས་ལྷོད་པོའི་ཁ་བརྡ་རེ་བྱེད་བསམ་ཀྱང་དེ་རིང་ཕན་ཚུན་

rangzin_boདམིགས་ཡུལ་མེད་པར་སྟེས་དབང་གི་ལམ་ཕྲད་བྱུང་བའི་རྐྱེན་གྱིས་ཐུགས་སྤྲོ་ཙམ་གྱི་ཆེད་དུ་འཚམས་འདྲི་རེ་བྱས་པ་དང་ཁོ་མོས་ཀྱང་རྒྱུས་མངའ་ཟབ་པའི་མིག་ཟུང་གིས་ཁོ་བོར་ཡུན་རིང་ཙམ་བལྟས་ནས་དུས་རྒྱུན་ཁ་ལ་གོམས་པའི་བསླབ་བྱ་རྙིང་པ་རྣམས་ཡང་བསྐྱར་བསྐྱོན་ཙམ་གནང་རྗེས། ངེད་གཉིས་ཀྱི་སྐད་ཅིག་གི་འདུ་འཛོམས་འདི་གློ་བུར་བའི་གྱེས་བྲལ་ཞིག་ལ་གྱུར་སོང། ནམ་རྒྱུན་ལྡི་ལི་མཐོ་སློབ་ནང་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་སློབ་མ་རྣམས་ལ་ཆ་མཚོན་ན་རྨོ་ལགས་ཁོང་དང་ད་དུང་ཁོང་དང་ལྷན་དུ་བོད་དོན་ལས་འགུལ་ལ་རྟག་པར་ཡོང་མཁན་སྤོ་ལགས་ཁོང་རྣམ་གཉིས་ཀྱི་མཚན་དངོས་སུ་མ་ཤེས་ཀྱང་། ང་ཚོས་མགྲིན་དབྱངས་གཅིག་མཐུན་གྱིས་རང་བཙན་རྨོ་ལགས་དང་སྤོ་ལགས་ཞེས་འབོད་ཀྱི་ཡོད།

ཆར་ཞོད་ཆེ་བའི་ཞོགས་པ་དེ་སྐབས་ཕྲད་པའི་རྨོ་ལགས་དང་དེ་མིན་སྤོ་ལགས་ཁོང་གཉིས་ལྟ་བུར་མཚོན་ན་བོད་མི་རིགས་ཀྱི་བདེན་པའི་འཐབ་རྩོད་རིང་མོའི་ཁྲོད་ན་འོད་སྟོང་འཕྲོ་བའི་བྱས་རྗེས་གང་ཡང་བཞག་མེད་ན་ཡང་། ཁོང་རྣམ་གཉིས་ནི་རང་རིགས་བཙན་བྱོལ་ནང་རང་དབང་འཐབ་རྩོད་ཐོག་མ་བྱེད་དུས་སྐབས་ཀྱི་མི་ཐོག་རྒན་པ་ཚོའི་འཐུས་ཚབ་རང་བཞིན་ལྡན་པའི་ལོ་རྒྱུས་ཀྱི་སྣང་བརྙན་གལ་ཆེན་ཞིག་མཚོན་གྱི་ཡོད་ཅིང་། ཁོང་རྣམ་གཉིས་དང་ཁ་བརྡ་བྱས་པ་ནི་ཁོ་བོར་མཚོན་ན་བཙན་བྱོལ་ནང་ཐོག་མ་སླེབས་མཁན་བོད་མི་རྒན་གྲས་རྣམས་ཀྱི་འཚོ་བར་རྒྱུས་ལོན་དང་ཁོ་ཚོའི་བོད་དོན་དང་འབྲེལ་བའི་མི་ཚེ་ལོ་རྒྱུས་སྐོར་ལ་གློག་བརྙན་བལྟས་པ་དང་གཅིག་མཚུངས་སུ་སྣང་ལ་ཕྱོགས་གཞན་ཞིག་ནས་བཤད་ན་ད་ལྟ་བཙན་བྱོལ་ནང་ཡོད་པའི་བོད་མི་ཕལ་ཆེ་བ་ཞིག་སོ་སོའི་རྒྱལ་ཁབ་ལ་ལར་ཞེན་དང་མི་རིགས་རིང་ལུགས་ཀྱི་བསམ་པའི་འདུ་ཤེས་གང་ཙམ་ཞིག་འཕེལ་ཡོད་ཀྱང་ད་དུང་ཡང་བོད་མི་བྱོལ་སོང་གང་མང་ཞིག་སོ་སོའི་རང་དོན་གྱི་ཆེད་དུ་“སྐལ་མེད་སར་སྐེ་བསྲིངས་མི་འདོད་པའི་”ཁ་ཕོ་ནམ་མཁར་བསྒྲགས་ནས། བོད་མི་རིགས་ཀྱི་འཐབ་རྩོད་འགན་འཁུར་ལྕི་མོ་འདི་རང་བཙན་སྤོ་ལགས་དང་རྨོ་ལགས་རྣམས་དང་འདྲ་བའི་བོད་མི་རྒན་རྒོན་གང་མང་ཞིག་གི་ཕྲག་པར་མ་ཐེག་ཀྱང་འཁུར་དགོས་པའི་གནས་སྟངས་སྐྱུར་མོ་འདི་དྲ་གྲོགས་ཚོའི་ཧ་གོ་བའི་ཆེད་དུ་ཁོང་རྣམས་གཉིས་དང་དུས་ཚོད་ནམ་ཁོམ་ལ་གླེང་མོལ་བྱས་པའི་ཟིན་བྲིས་ཐོར་བུ་དེ་འདིར་བཀོད་པ་ཡིན།

སྤྱིར་རང་བཙན་རྨོ་ལགས་ཁོང་གི་མཚན་དངོས་སུ་མ་ཤེས་ཀྱང་ཉེ་སྔོན་ཁོང་དང་ལྷན་དུ་སེམས་ལྷོད་ལྷོད་ངང་ཁ་བརྡ་བྱ་རྒྱུ་གོ་སྐབས་སྐལ་བཟང་འདི་ཐོབ་པར་ཤིན་ཏུ་ནས་དགའ་སྤྲོ་ཆེ་བས་ཅུང་ངོ་གནོང་བའི་ཚུལ་གྱིས་རྨོ་ལགས་ཁོང་གི་མཚན་གང་ཡིན་མིན་བཀའ་འདྲི་ཞུས་པ་ཡིན། ཁོང་གི་མཚན་ལ་ཡེ་ཤེས་ཆོས་འཛོམས་ཟེར་གྱི་འདུག་པ་དང་སྤྱི་ལོ་༡༩༣༥་ལོར་བོད་ཡུལ་དིང་རི་ཁུལ་གྱི་ཟུར་མཚོ་ཟེར་བའི་ས་ཆ་དེར་སྐུ་འཁྲུངས་འདུག།ཁོ་མོ་རྒྱ་གར་ལ་སྐྱབས་བཅོལ་ནམ་ཕེབས་ཀྱི་སྐོར་དྲན་པར་དེ་ཙམ་མ་ངེས་ཀྱང་། ཕལ་ཆེར་༸གོང་ས་མཆོག་བཙན་བྱོལ་ལ་ཕེབས་ཚར་ནས་ཟླ་བ་གཅིག་ཙམ་གྱི་རྗེས་ཁོང་དང་འདི་སྔོན་འབྲས་སྤུངས་བློ་གསལ་གླིང་དགོན་པའི་ནང་རབ་བྱུང་ཡིན་པའི་ཡབ་དང་ལྷན་དུ་རྒྱ་གར་གནས་ཆེན་ཁག་ལ་ཆོས་མཇལ་གྱི་ཚུལ་དུ་བཙན་བྱོལ་ལ་ཡོང་བ་ཞིག་རེད་འདུག།ངས་ཁོང་ལ་རྒྱ་གར་ལ་ཐོག་མ་སླེབས་དུས་རྨོ་ལགས་ཁོང་གི་འཚོ་བའི་རྟེན་ས་དང་སྐབས་དེ་དུས་བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་གནས་སྟངས་གང་འདྲ་ཡིན་མིན་སྐོར་བཀའ་འདྲི་ཞུས་པར། ཁོ་མོས་གློ་བུར་དུ་དཔྲལ་བའི་གཉེར་མ་རྣམས་བསྡུས་ཙམ་གནང་བ་དང་ཡང་མཚམས་རེར་མིག་ཟུང་ལས་སྤྱན་ཆབ་བསིལ་ཙམ་གནང་ནས། སྐར་མ་གཉིས་ཙམ་གྱི་རིང་ཁུ་སིམ་མེར་བཞུགས་སོང། སྐབས་དེར་ངའི་ཁོང་གི་སེར་ཀས་གཡོགས་པའི་ལག་ཟུང་ཉམ་ཐག་དེ་དང་འཚོ་བའི་རྒས་གཉེར་གྱིས་ཁེངས་པའི་བཞིན་རས་འདི་གཉིས་ལས་ཁོ་མོ་གཞོན་དུས་སྐབས་ཀྱི་འཚོ་བར་བཅངས་པའི་རེ་འདུན་དང་རྨི་ལམ་ཡོད་ཚད་མ་ན་ལི་(manali)དང་སིམ་ལར་(shimla)ལམ་ཁ་བཟོ་བའི་སྐབས་ཀྱི་ངལ་རྩོལ་གྱི་སྡུག་བསྔལ་ཁྲོད་ན་ཐིམ་སོང་བ་གང་ཙམ་ཞིག་རྟོགས་སོང་ལ། གཟུགས་པོའི་བདེ་ཐང་དང་དགུང་ལོ་གང་ཅིའི་ཐད་ནས་ད་ལྟ་མལ་སར་སོས་དལ་བག་ཕེབས་ངང་ངལ་གསོ་གནང་དགོས་པའི་རྨོ་ལགས་ཁོང་སྤྱི་ལོ༡༩༩༦ལོར་བོད་མིའི་ཞི་བའི་གོམ་བགྲོད་ཐེངས་གཉིས་པའི་ལས་འགུལ་ལྷན་ཚོགས་ནས་གོ་སྒྲིག་ཞུས་ཡོད་པའི་རྒྱང་ཐག་(km1125)ཙམ་གྱི་ཞི་བའི་གོམ་བགྲོད་ནང་འཛུལ་ཞུགས་བྱས་མྱོང་འདུག་པ་དང་། འདི་སྔོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་གོ་སྒྲིག་ཞུས་ཡོད་པའི་རྒྱལ་ས་ལྡི་ལི་ནས་ཆོས་ལྡན་ལྷ་ས་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ནང་ལ་ཡང་མཉམ་ཞུགས་བྱས་འདུག།དེ་མིན་ད་ལྟ་བྱམས་བརྩེའི་དཀར་སྐྱོང་ཚོགས་པ་དང་གཞོན་ནུ་ད་དུང་བུད་མེད་སོགས་ཀྱི་བོད་དོན་དང་འབྲེལ་བའི་ལས་འགུལ་ལ་ཕྱག་ལས་གནང་དང་གནང་མུས་སུ་མཆིས་ལ་དུས་རྒྱུན་ལྡི་ལི་ནང་ལས་འགུལ་གང་ཞིག་སྤེལ་ཡང་ཁོ་མོ་འཛུམ་འཚེར་འཚེར་ངང་གཟུགས་པོའི་བདེ་ཐང་དང་དཔལ་འབྱོར་དཀའ་ངལ་གྱི་འགག་འཕྲང་ཡོངས་སུ་གཏོར་ནས། ང་ཚོ་གཞོན་ནུ་ཚོ་དང་ལྷན་དུ་ལས་འགུལ་ནང་མཉམ་ཞུགས་བྱེད་ཀྱི་ཡོད།གང་ལྟར་ད་ལྟ་ལྡི་ལི་བསམ་ཡས་གླིང་གཞིས་སྒར་དུ་(mt)རང་ཉིད་བོད་ལ་ལོག་ཐུབ་རྒྱུ་ཡིད་ཆེས་ཀྱིས་སྡོད་གནས་གཏན་ཆགས་སོགས་གང་ཡང་མེད་པར། བུ་མོ་གསུམ་དང་བུ་གཅིག་ཡོད་པའི་རྨོ་ལགས་ཁོང་ནས་ང་དང་འདྲ་བའི་གཞོན་སྐྱེས་ཚོར་མཐའ་མཇུག་གི་བསླབ་བྱ་གནང་དོན་ལ་“ད་ལྟ་བོད་ནང་རང་རིགས་མ་འོངས་པའི་བདེན་པའི་འཐབ་རྩོད་ཆེད་དུ་རང་ལུས་མཆོད་མེ་རུ་ཕུལ་མཁན་དཔའ་བོ་དཔའ་མོ་རྣམས་ཀྱི་ཁ་ཆེམས་དག་ཡིད་ལ་དམ་པོར་བཟུང་ནས། སློབ་སྦྱོང་ཐོག་རང་ནུས་གང་ཡོད་ཀྱི་ཤུགས་རྒྱག་དགོས་པའི་སྐུལ་མ་བཏང་སོང་ལ། ཁོ་མོའི་ཚེ་སྲོག་གི་དབུགས་རྒྱུན་མ་ཆད་པར་མི་རིགས་ཀྱི་ལས་དོན་སྒྲུབ་ཀྱི་ཡིན་”ཞེས་གསུངས་ཀྱིན་འདུག།ང་ཚོ་གཞོན་སྐྱེས་ཚོར་མཚོན་ན་རང་བཙན་རྨོ་ལགས་ཁོང་ལྟ་བུ་གཞན་ཕན་ལྷག་བསམ་གྱི་ཀུན་སློང་དང་མི་རིགས་ལར་ཞེན་གྱི་སྙིང་སྟོབས་ལྡན་པའི་བོད་མི་རྒན་གྲས་རྣམས་ནི་ངེས་པར་དུ་སློབ་སྦྱོང་བྱ་དགོས་པའི་མི་སྣ་གལ་ཆེན་ཞིག་ཀྱང་ཡིན། དེ་རྗེས་ངས་ཁོ་མོ་དང་ལྷན་དུ་རྟག་པར་ལས་འགུལ་ལ་མཉམ་ཞུགས་བྱེད་མཁན་རང་བཙན་སྤོ་ལགས་ཁོང་གི་འཚོ་བ་དང་སྐུ་གཞོན་ནུའི་སྐབས་ཀྱི་བོད་མི་འཐབ་རྩོད་ཀྱི་གནས་སྟངས་སྐོར་མདོར་བསྡུས་ཙམ་ཞིག་དྲིས་པ་ཡིན།

སྤོ་ལགས་ཁོང་གི་མཚན་ལ་བསྟན་འཛིན་དབང་འདུས་ཞེས་ཟེར་གྱིན་འདུག སྤྱི་ལོ་༡༩༣༧་ལོར་འབྲས་ལྗོངས་དང་ས་ཐག་ཉེ་བའི་འཕའ་རིས་ཞེས་པའི་ས་ཆ་དེར་སྐུ་འཁྲུངས་འདུག་ལ་ད་བལྟ་དགུང་ལོ་༧༥ ལ་ཕེབས་འདུག ཁོང་སྐུ་ན་གཞོན་དུས་སྐབས་འབྲུག་ཡུལ་བརྒྱུད་བཙན་བྱོལ་ལ་ཡོང་བ་ཞིག་རེད་འདུག་ཅིང་། ཕལ་ཆེར་ལོ་ངོ་བརྒྱད་ཙམ་གྱི་རིང་དྷ་རམ་ས་ལར་ཡོད་པའི་བུ་བཅོལ་ཁང་ནང་ལ་ཕྱག་ལས་གནང་ནས་བཞུགས་འདུག དེར་བརྟེན་གནས་སྐབས་རིང་ཡིག་ཚོགས་མང་བར་འཇིགས་ནས། ངའི་སྤོ་ལགས་ཁོང་གི་འཚོ་བའི་གནས་སྟངས་སྐོར་འདི་ཙམ་གྱི་མ་དྲིས་པར་ལམ་སེང་བཙན་བྱོལ་ནང་མི་ཐོག་རྒན་པ་ཚོའི་བོད་དོན་འཐབ་རྩོད་བྱེད་སྟངས་དང་ད་ལྟའི་བོད་དོན་འཐབ་རྩོད་བྱེད་སྟངས་བར་ཁྱད་པར་གང་འདྲ་འདུག་ཅེས་བཀའ་འདྲི་ཞུས་དུས། ཁོང་གིས་“ད་ལྟའི་བོད་དོན་ལས་འགུལ་སྤེལ་སྟངས་ཕལ་ཆེ་བར་འཆར་བཀོད་རང་བཞིན་དང་རྒྱལ་སྤྱི་རང་བཞིན་གྱི་ནུས་པ་གང་ཙམ་ཐོན་འདུག་པའི་དགེ་མཚན་འདུག་པ་དང་། ད་ལྟ་བོད་མི་ཕལ་ཆེ་བར་ཆབ་སྲིད་ཀྱི་གོ་རྟོགས་ཡག་པོ་ཆགས་ཡོད་པར་སྤོབས་པ་སྐྱེས་ཀྱི་འདུག་”ཅེས་འཕྲལ་མར་ལན་བསྐྱོན་སོང།

སྤོ་ལགས་ཁོང་ལ་མཚོན་ན་སྔོན་མ་ནས་བཟུང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་མར་མེའི་ཁྲོམ་སྐོར་དང་ཟས་བཅད་ངོ་རྒོལ། ཞི་བའི་གོམ་བགྲོད་སོགས་ལ་མཉམ་ཞུགས་བྱེད་མྱོང་འདུག་ལ་ད་ལྟ་༢༠༡༢་ལོའི་མ་སུ་རི་ས་གནས་གཞོན་ནུའི་ནང་ཕྱག་ལས་གནང་དང་གནང་མུས་སུ་མཆིས། མཐའ་མཇུག་དེར་ངའི་ཁོང་ལ་ཀུ་རེ་དང་བདེན་གཏམ་འདྲེསམའི་ཚུལ་གྱིས་“ད་ལྟའི་དུས་ཚོད་འདིར་བོད་དོན་འཐབ་རྩོད་བྱེད་རྒྱུ་ནི་གཞོན་ནུ་ང་ཚོའི་ལས་འགན་ཡིན་པས། སྤོ་ལགས་ཁྱོད་རང་ལོ་མཐོ་པོ་གང་ཙམ་ཞིག་སླེབས་ཚར་འདུག་པས་ངལ་གསོ་བསྐྱོན་རྒྱུ་གལ་ཆེ་”ཞེས་བརྗོད་དུས། ཁོང་གིས་ལམ་སེང་དགོད་ཙམ་གནང་ནས་“ངའི་ལུས་འདི་རྒས་ཡོད་ཀྱང་སེམས་འདི་ད་ལྟ་ཡང་གཞོན་ནུ་ཡིན་”ཞེས་གསུངས་སོང། སྤོ་ལགས་ཁོང་གིས་མུ་མཐུད་གསུངས་དོན་ལ་“ད་ལྟ་བོད་ནང་སོ་སོའི་མི་རིགས་ཀྱི་ཆེད་དུ་སྐུ་ལུས་མཆོད་མེ་རུ་ཕུལ་མཁན་དཔའ་བོ་དཔའ་མོ་རྣམས་ཀྱི་ཚེ་སྲོག་བློས་གཏོང་གི་རླབས་ཆེན་མཛད་འཕྲིན་འདི་དེང་སང་སྤྱི་ཚོགས་ནང་བླ་མ་དང་སྤྲུལ་སྐུ་ཡིན་ཟེར་མཁན་དེ་ཚོ་ལས་ལྷག་པ་དང་། ད་ལྟ་ང་ཚོ་མི་ཡི་ལུང་པར་ཞི་བདེ་བག་ཕེབས་ངང་འཚོ་བ་སྐྱེལ་ཐུབ་པ་བྱུང་བ་ནི་མི་རབས་རྒན་པ་ཚོའི་རྒྱ་གར་ཡུལ་མི་དང་ཕན་ཚུན་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་པའི་རྐྱེན་གྱིས་རེད་”ཅེས་གསུངས་སོང། དེར་བརྟེན་ངས་དུས་ཚོད་ནམ་ཁོམ་ལ་ཁོང་གཉིས་དང་ཁ་བརྡ་བྱས་པ་བརྒྱུད་ཅི་འདྲའི་གསོན་ཉམས་ལྡན་ལ་ནང་དོན་གྱི་ཕྱུག་པའི་གནད་དོན་གང་མང་ཞིག་ཤེས་སོང་ལ་ངོ་མ་བླ་ཆེན་དང་དཔོན་རིགས་ཡིན་ཟེར་མཁན་ཚོའི་ལྷ་སྒྲུང་ལྟ་བུའི་ལོ་རྒྱུས་དང་རྣམ་ཐར་དེ་དག་ལས་བོད་མི་མི་སེར་དཀྱུས་མ་ཚོའི་མི་ཚེའི་ལོ་རྒྱུས་ལ་དྲན་བདེན་དང་དཀའ་སྡུག་སོགས་སྙིང་ལ་ཉེ་བའི་ཐ་སྙད་གང་མང་ཞིག་གི་ཆ་ཤས་སྒྲུབ་ཡོད་པའི་ངེས་ཤེས་ཤིག་ཀྱང་སྐྱེས་སོང།མཐར་དཀྱེལ་ཡངས་ལྡན་པའི་དྲ་གྲོགས་ཚོར་གསལ་འདེབས་ཞུ་རྒྱུ་ཞིག་ལ་སྤྱིར་བཏང་ཁོ་བོས་རྩོམ་ཡིག་འདི་ལྟ་བུ་བྲིས་པ་ནི་ང་ཚོ་བོད་མི་ཚོའི་འཚོ་བའི་བརྒྱུད་རིམ་ནང་དུས་རྒྱུན་དུ་འབྱུང་བཞིན་པའི་གནས་ཚུལ་རྣམས་ལ་ཡང་འགྲེལ་བསྐྱར་འགྲེལ་བྱས་པ་དང་། འདྲ་མཚུངས་སུ་སྣང་ཡང་བསམ་བློ་གཞན་ཞིག་ནས་བཏང་ན་ཁོ་ཚོའི་(རང་བཙན་སྤོ་ལགས་དང་རྨོ་ལགས་འདྲ་བའི་བོད་མི་རྒན་རྒོན་རྣམས་ལ་གོ།)སྐབས་ཀྱི་དུས་ཚོད་ནི་བོད་རང་བཙན་ཤོར་ནས་རྒྱ་གར་ལ་བཙན་བྱོལ་སླེབས་མཚམས་ཀྱི་དཀའ་སྡུག་མང་བའི་དུས་ཚོད་ཞིག་ལ་འཁྱེལ་གྱིན་ཡོད་ལ་ཁོ་ཚོའི་སློབ་སྦྱོང་དང་རིག་གནས་སྦྱོང་ཡག་གི་དུས་སྐབས་བཟང་ཤོས་དེ་འབྱུང་འགྱུར་གྱི་ང་ཚོ་འདྲ་བའི་བོད་རིགས་སོན་རྩ་ཚོའི་ཆེད་ཕངས་མེད་འགྲོ་སོང་གཏོང་ཡོད་པས་ང་ཚོས་ཁོང་རྣམས་ཀྱི་གཞལ་ཐབས་བྲལ་བའི་བཀའ་དྲིན་འདི་འཇལ་མ་ཐུབ་ན་ཡང་ཤེས་ཡོན་ཡོད་ཟེར་མཁན་ཞིག་ཡིན་པའི་ཆ་ནས་སོ་སོའི་ཕ་མེས་ཡང་མེས་ནས་གནང་བའི་བོད་སྐད་དག་པར་སྨྲ་བའི་དམར་ཆུང་གི་ལྕེ་འདི་གཞན་སྐད་འདྲེས་མའི་ཀློང་དུ་མ་ཚུད་པར་མི་རིགས་ཀྱི་ཆོས་རིག་སྐད་གསུམ་རྣམས་དེང་དུས་ཤེས་ཡོན་ལྡན་པའི་ཐོག་ནས་སློབ་གཉེར་བྱ་རྒྱུ་དང་ལྷག་པར་དུ་བོད་མི་འཐབ་རྩོད་ཀྱི་འགན་འཁུར་རྒྱུ་ནི་གཡོལ་དུ་མེད་པའི་འོས་འགན་ཞིག་ཏུ་སེམས་སོ།།