སྐབས་འཚོལ་རིང་ལུགས་པར་གོ་སྐབས་སྤྲོད་མི་རུང་།

ང་ཚོ་བོད་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདི་ན་སྐབས་འཚོལ་རིང་ལུགས་པ་ཧ་ཅང་མང་བས་སྤྱི་སྒེར་སུ་ཡིན་ན་ཡང་ཡིད་གཟབ་གནང་དགོས་པ་ནི་དངོས་གནས་གལ་ཆེན་པོ་རེད་འདུག   ཉེ་འཆར་༸གོང་ས་མཆོག་གིས་ལ་དྭགས་སོགས་སུ་བཀའ་སློབ་སྔ་རྗེས་གཉིས་གནང་བ་དེ་ནི་ང་ཚོར་ཆིག་སྒྲིལ་དང་མཉམ་རུབ་བྱེད་དགོས་པའི་སྐུལ་མའི་བླང་དོར་བཀའ་སློབ་རྩ་ཆེན་ཞིག་ཏུ་འཁུམས་ནས་ཚང་མས་ཡིད་གཟབ་བྱས་ན་ལེགས་པ་ལས་ཚོགས་པ་༡༡་གིས་ལས་འགུལ་སྤེལ་ནས་གཞོན་ནུ་ཚོགས་པར་ཁ་གཏད་གཅག་དགོས་དོན་མེད་ལ་༸གོང་ས་མཆོག་གི་ཐུགས་དགོངས་ཀྱང་ཇི་བཞིན་བསྒྲུབ་མི་སྲིད། 

རྒྱུ་མཚན་གང་གིས་ན།  སྔར་ཉིས་སྟོང་བདུན་ལོར་རྡི་ལིར་གཞོན་ནུས་གོ་སྒྲིག་བྱས་པའི་མི་མང་གི་འདུ་འཛོམས་ཧ་ཅང་ཆེན་པོ་ཞིག་བྱས་ཏེ་སྐད་འབོད་བྱེད་སྐབས།  ཚོགས་པ་བཞི་ཟེར་བ་ཞིག་གིས་དེ་ལ་ཁ་གཏད་ལྟ་བུའི་ལས་འགུལ་སྤེལ་རྐྱེན་མི་མང་འདུ་འཛོམས་ཀྱི་ལས་འགུལ་དེ་ལ་ནུས་པ་གང་ཡང་ཐོན་མེད།  ལྷག་པར་དུ་དྲ་ཐོག་གི་ཟིན་བྲིས་པ་དང་སྤྱི་ཚོགས་ཀྱི་ལབ་གླེང་བ་ཀུན་གྱིས་ཡིད་འཇོག་མ་བྱས་ན།   སྐབས་འཚོལ་རིང་ལུགས་པ་ཚོར་གོ་སྐབས་སྤྲད་པ་ཞིག་ལས་དོན་དམ་པའི་ཕན་འབྲས་ཐོན་མི་སྲིད་ལ་༸གོང་ས་མཆོག་ཐུགས་ཕམ་གྱི་གཞི་ལས་ཀྱང་ཡོལ་མི་སྲིད།  དེར་བརྟེན་ཚོགས་པ་༡༡་ལ་ཞུ་རྒྱུར་བོད་མིའི་སྤྱི་ཚོགས་ཆུང་ཆུང་འདི་ཐུག་པ་དཀྲུགས་དཀྲུགས་མ་བྱེད་རོགས་ཞུ་རྒྱུ་དང་གཞིས་ལུས་རྒྱལ་གཅེས་མི་མང་རྣམས་ཡིད་ཕམ་དུ་མ་འཇུག་རོགས།  ད་ལྟའི་བཀའ་ཁྲི་མཆོག་གི་དགོངས་བཞེད་ལྟར་ཆོལ་ཁ་དབྱེར་མེད།  ཆོས་ལུགས་རིས་མེད།  ཕོ་མོ་འདྲ་མཉམ་བཅས་ལས་གྲུབ་པའི་སྤྱི་ཚོགས་འཆམ་མཐུན་ཅན་ཞིག་སྒྲུབ་དགོས་ན།བརྟག་དཔྱད་ཞིབ་འཇུག་བྱས་ཏེ་ལས་འགུལ་སྤེལ་དགོས་པ་ལས་འཚབ་འཚུབ་དང་ཧོད་རྒྱུག་གི་ལས་ཀ་བྱེད་མི་རུང་།  ད་ལྟའི་བར་གཞོན་ནུས་རང་བཙན་རྩོད་ཀྱང་རུང་།  ཚོགས་པ་༡༡གིས་རང་སྐྱོང་རྩོད་ཀྱང་རུང་དོན་དམ་པའི་བསྒྲུབ་འབྲས་ནི་སུ་ལ་ཡང་མེད།  ༸གོང་ས་མཆོག་གིས་བསྐྲུན་གནང་བའི་ལམ་བཟང་སྟེ་དབུ་མའི་ལམ་བེད་སྤྱད་ནས་རང་ཉིད་ཀྱི་ཁེ་ཕན་དང་ཆབ་སྲིད་ཀྱི་ལངས་ཕྱོགས་གཟིངས་སུ་བཏོན་ན་དེ་ནི་༸གོང་ས་མཆོག་དང་བོད་འབངས་སྤྱི་ལ་མགོ་སྐོར་བཏང་བ་ལས་གཞན་ཅི་ཡང་མིན།  ངས་འདི་ལྟར་བཤད་པ་ནི་གཞོན་ནུ་ལ་རྒྱབ་སྐྱོར་མིན་ལ།  ཚོགས་པ་བཅུ་གཅིག་ལ་ངོ་རྒོལ་ཡང་མིན་པས།  གལ་ཏེ་ངས་བཤད་པའི་སྐད་ཆར་རྒྱུ་མཚན་རེ་ལྡན་ན་བོད་རིགས་སྤུན་ཟླ་ཚོས་ཡིད་ལ་ངེས་རོགས།།།།