༄༅།། ངའི་ཕ་ས་ཕ་ཡུལ་སེམས་ལ་དྲན།
སྤང་རྩྭ་ཐང་ཁ་རྒྱམ་ཆེ་ས།།
ཆུ་གཙང་བོ་འབབ་རྒྱུན་སྙན་ས།།
བུ་བུ་མོའི་བརྩེ་དུང་ཟབ་ས།།
ངའི་ཕ་ཡུལ་གངས་ལྗོངས་ལུང་པ།།
རྐྱང་ཁ་དཀར་སྤང་ལ་ཡན་ས།།
འབྲོང་དར་མ་རྫ་ལ་འཁོར་ས།།
ལུག་དཀར་ཆུང་ན་ལ་ཡན་ས།།
ངའི་ཕ་ཡུལ་གངས་ལྗོངས་ལུང་པ།།
རྫ་སྨུག་པོའི་རྔམ་བརྗིད་ཆེ་ས།།
གངས་དཀར་པོའི་རང་མདངས་འཚེར་ས།།
ནགས་ལྗང་ལོའི་ལང་ཚོ་རྒྱས་ས།།
ངའི་ཕ་ཡུལ་གངས་ལྗོངས་ལུང་པ།།
མཚོ་ལྗང་ལོའི་འཛུམ་དཀར་ངོམ་ས།།
བྲག་མཐོན་པོའི་བང་རིམ་མཛེས་པ།།
བྱ་ཁུ་ལོའི་སྙན་གླུ་ལེན་ས།།
ངའི་ཕ་ཡུལ་གངས་ལྗོངས་ལུང་པ།།
འབྲོག་སྦྲ་ནག་སྤང་ལ་བགོད་ས།།
བསང་དུད་སྤྲིན་དགོང་ལ་འཕྱུར་ས།།
སྨན་བུ་མོའི་གཞས་ཆུང་ལེན་ས།།
ངའི་ཕ་ཡུལ་གངས་ལྗོངས་ལུང་པ།།
གུར་དཀར་པོའི་ལྷ་ཁྱིམ་མང་ས།།
སྟག་ཤར་ལོའི་དཔའ་སྐད་བསྒྲོག་ས།།
ལས་རླུང་རྟའི་ཁ་བསོད་ཆེ་ས།།
ངའི་ཕ་ཡུལ་གངས་ལྗོངས་ལུང་པ།།
དགོན་ཁྲ་མོའི་ཆོས་ར་རྒྱས་ས།།
ཆོས་ཟབ་མོའི་མཉམ་རྟོགས་འཁྲུངས་ས།།
སེམས་ཞི་བདེའི་བདེ་སྐྱིད་འབར་ས།།
ངའི་ཕ་ཡུལ་གངས་ལྗོངས་ལུང་པ།།
ལྷ་བླ་མའི་མཛད་འཕྲིན་ཆེ་ས།།
གོང་དཔོན་པོའི་ཐུགས་བསམ་འགྲུབ་ས།།
དྲིན་ཕ་མིའི་བརྩེ་ཆེན་ཟབ་ས།།
ངའི་ཕ་ཡུལ་གངས་ལྗོངས་ལུང་པ།།
གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་
འབོད་པས་བོད་ཀྱི་རྒྱལ་ས་གཉིས་པ་བཞུགས་སྒར་རྡ་རམ་ནས་རང་ཤག་
ཉི་འོད་འཆར་སའི་ལྡང་ཁང་ནས་སུག་བྲིས་བགྱིས་སོ།། ༢༠༡༢ ༩ ༡༠
