ཚོགས་པ་༡༡ཡི་གསལ་བསྒྲགས་དེ་ཚོགས་མི་ཚང་མའི་མངོན་འདོད་མཚོན་ཐུབ་བམ།
༼ཚོགས་མི་མེད་པའི་ཚོགས་པ་ཁ་ཤས་ཚོགས་པའི་མིང་གནས་སུ་ལངས་ནས་གསལ་བསྒྲགས་བྱས་པ་དེར་བལྟ་བ།༽
ཉིན་ཤས་སྔོན་ནས་གསར་ལམ་ཁག་ནས་ཚོགས་པ་༡༡་གི་གསལ་བསྒྲགས་ཡིན་ཟེར་བའི་ཤོག་བྱང་གང་སར་བསྒྲགས་འདུག ཤོག་བྱང་དེ་བཀྲམས་དགོས་པའི་རྒྱུ་མཚན་ནི་ཉེ་ཆར་༧གོང་ས་མཆོག་གིས་གཞོན་ནུ་ཚོགས་པ་དང་མི་སྒེར་བ་ཁ་ཤས་ཀྱིས་བོད་གཞུང་བསྡུ་གསོག་བརྒྱབས་སོིང་ཟེར་བ་དེར་བློ་ཕམ་བྱུང་སོང་གསུངས་པའི་བཀའ་སློབ་དེའི་རྒྱབ་དཔུང་ཚུལ་ཡིན་ཟེར། འོན་ཀྱང་གསལ་བསྒྲགས་ནང་༧གོང་ས་མཆོག་ལ་མཚན་སྨོས་བྱེད་མཁན་ཚོར་ཁ་གཏད་བྱ་རྒྱུ་ཡིན་ཚུལ་དང་ཁྲིམས་ཁང་ཚུན་འགྲོ་དགོས་ན་འགྲོ་རྒྱུ་ཡིན་ཟེར་འདུག ཆབ་སྲིད་ལངས་ཕྱོགས་ཐད་མ་མཐུན་པ་ཙམ་གྱིས་༧གོང་ས་མཆོག་ལ་མཚན་སྨོས་དང་སྐུར་འདེབས་བྱ་ཁོངས་སུ་གཏོགས་སམ།
ཐབས་ཇུས་དེ་ཡིས་གཞོན་ནུ་༧གོང་ས་མཆོག་གི་བཀའ་ལོག་དོལ་རྒྱལ་ཚོགས་པ་འདྲ་བ་ཞིག་བསྒྲུབ་འདོད་པའི་བྱ་བ་ཞིག་གི་མགོ་འབུས་ཡོད་པའི་དོགས་སྣང་རང་བཞིན་དུ་སླེབས། ད་དུང་ཁྲིམས་ཁང་དུ་འགྲོ་དགོས་ན་འགྲོ་རྒྱུ་ཡིན་ཟེར་འདུག འོན་ཀྱང་རྒྱ་བོད་ཁྲིམས་ཁང་གཉིས་ཁྲིམས་ཐེངས་གཉིས་ཕམ་ཀྱང་བཅའ་ཁྲིམས་ལ་དྭངས་ལེན་མི་བྱེད་མཁན་ཟླ་བ་ཚེ་རིང་། བོད་གཞུང་གི་ཁྲིམས་ཁང་གི་བཅད་ཁྲ་ལ་ངོས་ལེན་མེད་པར་གདམས་བྱ་འདེམས་བྱེད་ཀྱི་ཐོབ་ཐང་ཏེ་བཙན་བྱོལ་བོད་མིའི་གཞི་རྩའི་ཐོབ་ཐང་ཚུན་མེད་པའི་ཉེས་ཆད་ཁུར་མྱོང་བའི་ཐུབ་བསྟན་ལེགས་བཤད། ལས་བྱེད་ཀྱི་བླང་དོར་སྒྲིག་འགལ་གྱི་ཆོད་གན་ལས་གནས་ནས་གནས་དབྱུང་བའི་ཤར་ཁུག་བཅས་ཀྱིས་ཁྲིམས་ལུགས་ཟེར་བ་དེ་རང་གིས་ཁུར་མི་དགོས་པ་ཞིག་དང་གཞན་གྱི་སྐེར་སྡོམ་བྱེེད་ཀྱི་ཐག་པ་ཞིག་ཏུ་བསམས་པ་འདྲ།
ད་དུང་རང་བཙན་དང་དབུ་མའི་ལམ་གཉིས་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་མི་འདྲ་བའི་དབང་གིས་གཞོན་ནུའི་བྱ་ལས་འགའ་ལ་༧གོང་ས་མཆོག་ཐུགས་ཕམ་ཡོད་པའི་བཀའ་བསྩལ་བ་དེ་བདེན་མོད་འོན་ཀྱང་༧གོང་ས་མཆོག་ལ་མཚན་སྨོས་དང་སྐུ་ཕྱྭ་ལ་གནོད་དགོས་པའི་བྱ་སྤྱོད་དུ་གོ་ས་རུ་བཞག་ནས་གསལ་བསྒྲགས་བྱ་བ་དེ་བོད་ཀྱི་མཐུན་སྒྲིག་གོང་བུ་གཏོར་བའི་ལས་བྱ་རང་ཡིན།
དྷ་རམ་སའི་དམར་སྲུང་དམག་ལྟ་བུའི་མི་ཁ་ཤས་ཀྱིས་རིག་གནས་གསར་བརྗེའི་ལས་འགུལ་ལྟ་བུ་སྟེ་༧གོང་ས་མཆོག་གི་བཀའ་སློབ་སྔ་ཕྱི་གོང་མ་བསྒྲིགས་པ་དུམ་བུ་ཞིག་ཁྱེར་ནས་རང་གིས་མི་དགའ་སའི་ཚོགས་པ་སྒྲིག་འཛུགས་གཏོར་བའི་ལས་འགུལ་རེ་སྤེལ་ཡོང་དུས་བྱས་རྗེས་ཅན་གྱི་ཚོགས་པ་རེ་གཉིས་གྲག་འགུལ་མེད་པར་བཟོ་བ་ནི་རྒྱུན་ལྡན་རེད། དེས་ན་ད་རིང་གི་རེས་དེ་གཞོན་ནུ་ཚགས་པ་ལ་ཁེལ་བ་ཡིན་་འདྲ།
དེས་ན་ཚོགས་པ་༡༡གི་གསལ་བསྒྲགས་དེ་ཚོགས་མི་ཚང་མའི་མངོན་འདོད་ཀྱང་ཡིན་མི་སྲིད་ཅིང་། ལྷག་པར་དུ་བོད་ནང་ཡོད་པའི་གཞིས་ལུས་སྤུན་ཟླ་ཞིག་གིས་ཀྱང་ཚོགས་པ་༡༡གི་བྱ་སྤྱོད་ལ་བློ་ཕམ་ཡོད་པ་དང་གཞོན་ནུ་ཚོགས་པ་ལ་ཆེད་བསྟོད་ཞུས་ཡོད་པའི་སྐོར་ཁ་བརྡ་ནང་བཀོད་འདུག༼ དྲ་ཐག་འདི་ནས་སོང་དང་http://www.khabdha.org/?p=33472༽ རྒྱ་མི་གཞུང་གིས་༧གོང་ས་མཆོག་ལ་མཚན་སྨོས་ག་ཚོད་བྱས་ཀྱང་གཡོ་འགུལ་མེད་པར་བོད་པ་ནང་ཁུལ་དུ་མཚན་སྨོས་མ་བྱས་ཀྱང་བྱས་པ་རེད་ཟེར་ནས་སྐད་ལོག་འུར་ལོག་སྒྲོག་མཁན་ཚོགས་པ་༡༡གི་སྐུ་ཚབ་མིང་དུ་འདོགས་པའི་མི་འདི་ཚོགས་བོད་པའི་ནང་མགོ་རྡུང་བའི་ཐོ་བ་རང་རེད།
ད་དུང་ཚོགས་པ་༡༡་ཟེར་བའི་ཁོངས་སུ་གྲངས་ཀའི་གོ་གནས་སུ་ཡོད་པའི་ཚོགས་པ་ཁ་ཤས་ལ་རྒྱུན་ལས་མ་གཏོགས་ཚོགས་མི་ཡོད་མེད་པའང་ཡོད་པ་སྟེ། ཆིག་སྒྲིལ་ཚོགས་པར་རྒྱུན་ལས་མ་གཏོགས་ཚོགས་མི་ཡོད་དམ། ད་བར་ཚོགས་པ་དེས་བོད་ཀྱི་ཆོས་དང་རིག་གཞུང་འཐབ་རྩོད་སོགས་ལ་ཕན་པའི་ལས་དོན་གཅིག་ཀྱང་སྤེལ་མྱོང་ཡོད་དམ། རྒྱུན་ལས་དེ་ཚོས་ཟ་ཁང་དང་ཁང་པ་སོགས་ཁང་གླ་སོགས་བསྡུས་ནས་གླ་ཕོགས་ལེན་ཏེ་བསྡད་པ་དེ་ཁོ་ཚོའི་ལས་དོན་རང་རེད། ད་དུང་དྷ་སའི་མདོ་སྟོད་ཆོལ་ཁ་དང་དྷ་སའི་མདོ་སྟོད་ཟེར་བ་གཉིས་འདུག དྷ་སའི་མདོ་སྟོད་ཆུ་བཞི་སྒང་དྲུག་བོད་གཞུང་གི་ཁྲིམས་ཐོག་མདའ་དེད་བྱས་ཏེ་ད་ཆར་བོད་གཞུང་གིས་ངོས་ལེན་མེད། དྷ་སའི་ཆུ་སྒང་༧གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་གཞུང་མང་གཉིས་ཀྱིས་ངོས་ལེན་མེད་ན་དེའི་ཡན་ལག་དྷ་སའི་མདོ་སྟོད་ཀྱང་ཁྲིམས་ལུགས་རིགས་པའི་ཐོག་ནས་བལྟས་ན་བོད་གཞུང་མང་གཉིས་ཀྱིས་ངོས་ལེན་མེད་པ་གསལ་པོ་རེད། ད་དུང་དེའི་ཁར་དྷ་སའི་མདོ་སྟོད་ཚོགས་པར་ཚོགས་མི་གྲངས་ཀ་འདྲེན་རྒྱུ་ཡོད་དམ། ད་དུང་དྷ་སའི་མི་མང་དྭང་བླང་ཚོགས་པ་ཟེར་བར་རྒྱུན་ལས་མ་གཏོགས་ཚོགས་མི་བསྟན་རྒྱུ་ཡོད་དམ། ད་དུང་ཚོགས་པ་༡༡་ཟེར་ནས་ཕྱི་ནས་བལྟས་ན་མི་དཔུང་ཚོགས་མང་པོ་ཞིག་སྣང་བ་འཆར་སྲིད་ཀྱང་དོན་དུ་ཚོགས་མི་མེད་པ་དེ་འདྲ་མང་པོ་ཞིག་འདུག་ ད་དུང་ཡང་ཚོགས་པ་གཞན་དེ་ཚོར་ཚོགས་མི་མེད་པ་ཅན་ཡོད་སྲིད་ཡོད་པས་རྣམ་པ་ཚོས་ཞིབ་འཇུག་གནང་རོགས།
གཞན་ཡང་ཚོགས་པ་ཚོགས་མི་ཡོད་པ་ཅན་ཚོགས་ཀྱང་ཚོགས་མི་ཚང་མའི་མངོན་འདོད་པ་མཚོན་པའི་བསྒྲགས་གཏམ་ཡིན་མི་སྲིད་པས་ཚོགས་མི་ཚང་མས་རང་གི་མངོན་འདོད་ཡིན་མིན་ཉམས་བྱོས་ཤིག