༧ཏཱ་ལའི་བླ་མར་འབྲེལ་བ་བྱས་ན་ཚོང་ལ་གནོད་ཀྱི་འདུག་ཟེར།

cezch prime ministerཟླ་འདིའི་ཚེས་༡༠ ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་སྐུ་ཞབས་པེ་ཏ་ར་ན་ཅེ་སི་ཀྱིས། ཏཱ་ལའི་བླ་མར་རྒྱབ་སྐྱོར་བྱེད་པ་དེས་རྒྱལ་ཁབ་ཀྱི་ཚོང་འབྲེལ་ལ་དོ་ཕོག་ཡོང་གི་འདུག་ཅེས་དབུས་ཡོ་རོབ་ཚོང་འབྲེལ་ཚོགས་ཆེན་ཞིག་གི་སར་འགྲེལ་བརྗོད་གནང་འདུག

དེ་ཡང་ཅེཀ་གཞུང་འབྲེལ་དྲ་རྒྱ་ཞིག་གི་ཐོག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཁོང་གིས་རྒྱལ་ཁབ་ཀྱི་དངོས་ཟོག་ཕྱིའི་རྒྱལ་ཁབ་ལ་ཚོང་འབྲེལ་བྱ་རྒྱུའི་ཐད་ཏཱ་ལའི་བླ་མར་རྒྱབ་སྐྱོར་བྱས་པའི་རྐྱེན་གྱིས་གྱོང་གུད་ཆེན་པོ་གཏོང་གི་ཡོད་པ་དང་། ཡིན་ཡང་རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྲིད་ཇུས་ནང་འགྲོ་བ་མིའི་ཐོབ་ཐང་དེ་གལ་གནད་ཞིག་ཏུ་བརྩི་དགོས་ཞེས་གསུངས་ཡོད་འདུག

སྐུ་ཞབས་པེ་ཏ་ར་ན་ཅེ་སི་ཀྱིས་ཏཱ་ལའི་བླ་མ་ཙམ་དུ་མ་ཟད། ཉེ་སྔོན་ར་ཤི་ཡ་ནས་ཡིན་པའི་བུད་མེད་རང་དབང་རྩོད་ལེན་གྱི་རོལ་དབྱངས་ཚོགས་པ་ཞིག་ཡོད་པ་དེ་ལའང་རྒྱབ་སྐྱོར་བྱེད་པ་དེས་རྒྱལ་ཁབ་ཀྱི་ཚོང་འབྲེལ་ལ་གནོད་སྐྱོན་ཡོང་གི་ཡོད་སྐོར་གསུངས་འདུག (ཟླ་སྔོན་མའི་ནང་ར་ཤི་ཡའི་སྲིད་འཛིན་ལཱ་དྲི་མིར་པུ་ཊིན་ལ་སྐྱོན་བརྗོད་ཚུལ་དུ་བུད་མེད་རོལ་དབྱངས་ཚོགས་པ་ (Pussy Riot) ཞེས་པ་ཞིག་གིས་གཞས་བཏང་བའི་རྐྱེན་གྱིས་ད་ཆ་སྒྱུ་རྩལ་པ་རྣམས་བཙོན་འཇུག་ནང་གནས་ཡོད་དང་། བུད་མེད་རོལ་དབྱངས་ཚོགས་པ་དེར་རྒྱལ་སྤྱིའི་ཁྱོན་ཡོངས་ནས་རྒྱབ་སྐྱོར་མང་པོ་ཡོང་བཞིན་ཡོད་པ་རེད།)

སྲིད་བློན་གྱིས་མུ་མཐུད་གསུངས་དོན། ཏཱ་ལའི་བླ་མར་དགའ་མོས་བྱེད་པ་དེ་ནི་རང་དབང་དང་མང་གཙོ་ལ་རྒྱབ་སྐྱོར་ཞིག་མིན་པ་དང་། དེ་ནི་ཕྱེད་བཀས་བཀོད་རྒྱུད་འཛིན་དང་སྤྱི་དབང་སྒེར་གཅོད་ཀྱི་ལམ་ལུགས་ཞིག་ལ་རྒྱབ་སྐྱོར་ཡིན་སྐོར་དང་། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་དེ་རྒྱ་ནག་གི་ཆ་ཤས་ཞིག་ཡིན་པར་རྒྱབ་སྐྱོར་ཡོད་པ་དང་། དེར་བརྟེན་བཅོས་མའི་དཀའ་ངལ་དེ་རིགས་ལ་རྒྱབ་སྐྱོར་བྱེད་པ་དེས་ང་ཚོར་གོ་སྐབས་མང་པོ་ཞིག་མེད་པ་བཟོ་ཡི་འདུག་ཅེས་འགྲེལ་བརྗོད་གནང་འདུག

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་དངོས་ཟོག་ཕྱིའི་རྒྱལ་ཁབ་ལ་ཚོང་འབྲེལ་བྱ་རྒྱུའི་ཐད་སྲིད་ཇུས་གསར་པ་ཞིག་བཟུང་ཡོད་པ་དེའི་ནང་། ཡོ་རོབ་མཐུན་ཚོགས་ཀྱི་ཁྲོམ་རའི་ནང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་རེ་ལྟོས་བྱ་རྒྱུ་ཉུང་དུ་གཏོང་བ་དང་། གཞན་རྦར་ཛིལ་དང་། རྒྱ་ནག རྒྱ་གར། ཨི་རག ཡུཀ་རེན། ཨ་རི་གཙོས་རྒྱལ་ཁབ་བཅུ་གཉིས་མཉམ་དུ་དམིགས་བསལ་ཚོང་འབྲེལ་བྱ་རྒྱུ་ཡིན་པ་རེད། མ་ཟད་སྲིད་ཇུས་གསར་པ་དེའི་ནང་ད་དུང་དམིགས་བསལ་ཚོང་འབྲེལ་ཐོག་དོ་སྣང་བྱ་དགོས་པའི་རྒྱལ་ཁབ་ ༢༨ ཡོད་སྐོར་དང་། ཡོ་རོབ་མཐུན་ཚོགས་ནང་དུ་ཞུགས་ཡོད་པའི་ཚོགས་མི་རྒྱལ་ཁབ་ཁག་གིས་མཉམ་དུ་འབྲེལ་བ་བྱེད་སྟངས་དེ་ཟུར་དུ་འཇོག་དགོས་སྐོར་བཤད་ཡོད་པ་རེད།

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་འདས་པོ་ཝཁ་ལེཝ་ཧ་ཝེལ་མཆོག་ནི་ཏཱ་ལའི་བླ་མར་འབྲེལ་འདྲིས་ཆེན་པོ་ཡོད་མཁན་དང་། བོད་དོན་ཐོག་རྒྱབ་སྐྱོར་ཆེན་པོ་ཡོད་མཁན་ཞིག་རེད། ༢༠༡༡ ལོར་འདས་པོ་ཁོང་མ་གྲོངས་སྔོན་དེར་ཏཱ་ལའི་བླ་མ་མཉམ་དུ་མཇལ་འཕྲད་གནང་ཡོད་པ་རེད།

http://www.ceskenoviny.cz/news/zpravy/support-to-pussy-riot-dalai-lama-harms-czech-export-pm-necas/838594