བོད་མིར་འུར་ཟིང་མ་སློང་རོགས།།

བོད་པ་ཚང་ལ་འུར་ཅིག་སློང་མི་རུང་། གཅིག་རྗེས་གཉིས་མཐུད་གཅེས་སྲོག་མེ་ལ་སྒྲོན། བོད་པ་ཚང་ལ་རེ་ཞིག་བཅོལ་མི་རུང་། མགོ་སྐོར་བཏང་ཡང་ཨུ་ཚུགས་སྲོག་ལ་རྒོལ།། བོད་པ་ཚང་ལ་འཛུམས་ཞིག་སྟོན་མི་རུང་། ཡོད་ཚད་བོར་ནས་ལག་སྟོང་མཆན་བཅུག་བྱེད། བོད་པ་ཚང་ལ་སྡང་མིག་བསྒྲད་མི་རུང་། ཁོང་འདར་བྱེད་བཞིན་ཅི་གསུང་ལགས་སོའི་བསྒྲུབ།། བོད་པ་ཚང་གི་རྒྱུ་མཚན་ཤེས་མི་དགོས། ལྷ་འདྲེ་གདོན་བགེགས་ཕུག་གྱི་འདུན་མར་འཛིན། བོད་པ་ཚང་ལ་མཐོང་རྒྱའི་སྤྱན་མི་དགོས། ཁ་མཁས་བྱས་ཉེས་ཅན་དེ་ལྷག་བསམ་ཡིན།།

བོད་པ་ཚང་གི་ཡར་མར་ལྟ་མི་དགོས། ཧོན་རྒྱུག་སྨྱོན་རྒྱུག་བྱས་ན་དཔའ་བོར་འབོད། བོད་པ་ཚང་ལ་དྲང་བདེན་གཏམ་མི་དགོས། རྨོངས་དད་ཅིག་ལ་ཐམས་ཅད་བཅོལ་རྐྱང་བྱེད།། བོད་པ་ཚང་གི་རྒྱབ་ལ་ལྟ་མི་དགོས། ཁེ་སྤོགས་གྱོང་གུད་ཁུར་ན་བྱང་སེམས་ཡིན། བོད་པ་ཚང་གི་མདུན་ལམ་འཚོལ་མི་དགོས། རེ་བ་བྱས་ནས་རེ་འབྲས་གནམ་ལྷུང་སྒུག །། བོད་པ་ཚང་གིས་བོད་པ་མེ་ལ་བསྲེགས། བོད་དོན་མི་སྒྲུབ་བོད་མིར་སྡུག་བསྔལ་སྦྱོར། བོད་པ་ཁ་ཤས་བོད་མིར་བརྩེ་བ་ཞན། བོད་མིའི་ལས་དབང་བོད་པ་སྤྱི་ལ་ལོངས།། ཅེས་ཟླ༦ཚེས༡སྤྱི་ལོ༢༠༡༢ ལ་ཞོགས་ཇ་བཏུང་ཞོར་དུ་བྲིས་འོ།།