དྲང་གཏམ་དྲང་སྲོང་གི་ཚངས་ཐིག་རྣམ་གསུམ་མ།།

ལྷ་དཔལ་རྡོ་རྗེས་ལྷ་རྒྱུད་རྩད་གཅོད་དང་། དུས་གསུམ་མཁྱེན་པས་མཁྱེན་སྤྲུལ་བཟོ་གྲྭ་གཉིས། ཆོས་མགོན་འཕགས་པས་ཆོས་སྲིད་ཟུང་འབྲེལ་གསུམ། ཆབ་སྲིད་སྲོག་འཕྲོག་གཤེད་མ་རྣམ་གསུམ་ཡིན།། སྐུ་དྲག་བཙན་པོ་ཤྭ་དང་རྒྱོ་ལ་གཡེངས། བླ་མ་གྲགས་ཅན་ཐོབ་དང་མིང་གིས་བརྒྱལ། འབངས་མིའི་རེ་བ་ལྷ་འདྲེར་བཅོལ་བ་གསུམ།

བོད་མིའི་ཕུག་བརླག་ཕུང་འདྲེ་རྣམ་གསུམ་ཡིན།། བླ་མས་དཔོན་ཆེན་འཁྲབ་ནས་སོག་རྒྱ་འགྲིམས། སོག་རྒྱའི་གཡོ་འཕྲུལ་སྤྱད་ནས་གོ་ས་སྤྲད། བོད་མིས་མིག་བགྲད་ངོ་མཚར་ཆེར་བཟུང་གསུམ། བོད་ཡུལ་གཞན་འོག་མཛུལ་བརྡ་རྣམ་གསུམ་ཡིན།། བླ་མས་གཡོ་རྒྱུས་སློབ་འབངས་སྒེར་གཅོད་བྱས། སློབ་མས་ཁེ་སྤོགས་བླ་མ་ལྷ་རུ་བསྒྲགས། སྐྱེ་བོ་གླེན་པས་ཨུ་ཚུགས་རྨོངས་དད་གསུམ། ནང་ཆོས་དམར་གསོད་ལག་དམར་རྣམས་གསུམ་ཡིན།། ཚུལ་འཆོས་སྡོམ་ཁྲིམས་རྣམ་རྟོག་འཕེལ་ཐབས་ཙམ། ཐལ་སྒྲས་ངག་འཁྱལ་ང་རྒྱལ་ཁེངས་དྲེགས་གཉིས། འུར་འདོན་དབྱངས་ལྟར་འཆོལ་བའི་སྨོན་ལམ་གསུམ། ནང་ཆོས་བཙན་གཡེམ་སྲོལ་ངན་རྣམ་གསུམ་ཡིན།། སྦྱོར་དངོས་རྗེས་གསུམ་མེད་པའི་ཁ་འདོན་དང་། སེམས་བསྐྱེད་དམིགས་རིམ་མི་ཤེས་བསྒོམ་སྒྲུབ་གཉིས། ཡིད་ཆེས་དད་འདུན་མ་སྦྱང་ཕྱག་སྐོར་གསུམ། མི་ཚེ་སྟོང་ཟད་འབྲས་མེད་རྣམ་གསུམ་ཡིན།། གཏོར་མ་བཟོས་ནས་རྩམ་ཁུག་སྟོང་ཕུད་དང་། གསེར་སྐྱེམས་མཆོད་ནས་སྲུང་མར་མངགས་བཅོལ་གཉིས། གཡང་འགུགས་འདོན་ནས་འབད་མེད་ནོར་བསགས་གསུམ། གཞན་འགོ་བསྐོར་བའི་བྱེད་ཐབས་རྣམ་གསུམ་ཡིན།། ལྷ་འདྲེར་བརྟེན་ནས་སྡོང་གྲོགས་ཞུ་བ་དང་། གདོན་བགེགས་བཏུལ་ནས་བར་ཆད་བཟློག་མཛད་རིགས། རང་མགོ་མི་ཐོན་གཞན་སེམས་འདུལ་མཁས་གསུམ། ཟོག་པོ་རྫུན་མས་གཡོ་འཁྲབ་རྣམ་གསུམ་ཡིན།། གྲྭ་བཙུན་རང་རློམ་སྐྱ་བོར་དམན་སར་བཅད། སྐྱ་བོས་རང་བརྙས་སྡིག་བསགས་མཁན་ཏུ་བགྲངསཔ། སྐྱ་སེར་བར་ལ་མཐོ་དམན་ལྕགས་རི་ཞིག ། ནང་ཆོས་རྒྱུས་མེད་རིགས་བཟོ་རྣམ་གསུམ་ཡིན།། དཔའ་རྒོད་ཉག་དཔོན་མཁར་ནང་མེར་བསྲེགས་བཏང་། མཁས་དབང་དགེ་ཆོས་མནར་གཅོད་བཙོན་དུར་བརྫངས། ཕྱི་དགྲ་ནང་ཁྲིད་ནང་སྤུན་གསོད་ཐབས་གསུམ། རང་འགོ་རང་གཅོག་ཐུ་ལུམ་རྣམ་གསུམ་ཡིན།། རྒྱལ་པཎ་ནང་འཁྲུགས་ཁྲལ་བསྡུས་རྩོད་རྙོག་དང་། ལྷ་ཀླུས་མཁྲེག་འཛིན་ཆིངས་ཡིག་རྡོག་རོལ་བཏང་། ཏཱ་ལའི་བླ་མས་ངོ་གཉིས་བྲོས་བྱོལ་གསུམ། བོད་མིར་འཕྲད་པའི་དཀའ་ངལ་རྣམ་གསུམ་ཡིན།། གཞིས་བཞུགས་བོད་མའི་འཕགས་ཡུལ་རེ་བཅོལ་དང་། རྒྱལ་སྤྱིའི་ཆབ་སྲིད་ཞི་བདེའི་རྩེད་འཕྲུལ་གཉིས་། ཡུལ་གྱར་སྤྲང་པོས་སྤྲང་ཁུག་དབུ་ལམ་གསུམ། དགྲ་དགའ་ཟུན་སྡུག་བྱུས་ཉེས་རྣམ་གསུམ་ཡིན།། མཐུན་རྐྱེན་མེད་ཀྱང་བོད་རྒྱ་གྲོས་གཏམ་དང་། གནས་ཚུལ་འཁྱོག་བཤད་རང་འགོ་རང་བསྐོར་གཉིས། ངོས་ལེན་མེད་ཀྱང་ས་བཅད་རང་སྐྱོང་གསུམ། བོད་དོན་འབྲས་མེད་བཀག་རྡོ་རྣམ་གསུམ་ཡིན། ཡུལ་གྱར་འཁྱམས་པོས་ཡུལ་མིར་ངན་བསྐུལ་དང་། གཞིས་བཞུགས་གླེན་པས་རང་ལུས་མེར་བསྲེགས་གཉིས། གནས་ཚུལ་ཁྱབ་བསྒྲགས་སློང་མོས་འཚོ་བ་གསུམ། ཆ་སྙོམས་མེད་པས་བསམ་བློ་རྣམ་གསུམ་ཡིན།། རྣམ་གསུམ་ཚིགས་ཕྲེང་མེ་ཏོག་ཆུན་པོའི་རྒྱན། རྣམ་དཀར་སེམས་ཀྱིས་གངས་ལྗོངས་མགུལ་ལ་སྒྲོན། རྣམ་རྟོག་དྲྭ་བའི་ཐེ་ཚོམ་རབ་བསལ་ནས། རྣམ་མང་ཤེས་བྱའི་གནས་ཀུན་རྟོགས་གྱུར་ཅིག །། ཅེས་ཟླ་༥ཚེས་༢༥སྤྱི་ལོ༢༠༡༢ལ་བྲིས་པའོ།།