རང་བཙན་ལྡེབས་རིས་ཀྱིས་རྒྱ་ནག་ཁོང་ཁྲོ་བསླངས་འདུག

oregon tibet mural drama pictureཨ་རིའི་མངའ་སྡེ་ཨོ་རི་གྷོན་གྱི་གྲོང་སྡེ་ཀོར་ཝ་ལི་ནང་གནས་སྡོད་བྱེད་མཁན་ཐའེ་ཝེན་ནས་ཡིན་པའི་ཚོང་པ་ཞིག་གིས་རང་གི་ཁང་པའི་རྩིག་ངོས་སུ་བོད་དང་ཐའེ་ཝན་གྱི་རང་བཙན་འབོད་སྒྲ་མཚོན་ཆེད་ཀྱི་ལྡེབས་རིས་ཤིག་བྲིས་ཡོད་པ་དེ། རྒྱ་ནག་གཞུང་ཚབ་ཀྱིས་དེ་མེད་པ་བཟོ་དགོས་སྐོར་བརྗོད་འདུག་ཀྱང་། ཡ་ལན་བྱེད་མཁན་བྱུང་མི་འདུག

དེ་ཡང་ཟླ་སྔོན་མར་སྐུ་ཞབས་དྲེ་ཝིཊ་ལིན་ཞེས་པ་ཞིག་གིས་སྒེར་གྱི་ཆབ་སྲིད་ལྟ་ཚུལ་གསལ་སྟོན་བྱེད་ཕྱིར། མངའ་སྡེ་ཨོ་རི་གྷོན་གྱི་གྲོང་སྡེ་ཀོར་ཝ་ལི་ནང་རང་ཉིད་གནས་སྡོད་བྱ་ཡུལ་ཁང་པའི་རྩེ་ཐོག་གི་རྩིག་ངོས་སུ་མཐོ་ཚད་ཕི་ཊི་༡༠ དང་རིང་ཚད་ཕི་ཊི་༡༠༠ ཅན་གྱི་ལྡེབས་རིེས་ཤིག་བྲིས་ཡོད་པ་དང་། རྩིག་ངོས་ཀྱི་རི་མོ་དེའི་ནང་གྲྭ་པ་ཞིག་གིས་རང་ལུས་མེ་རུ་བསྒྲོན་བཞིན་པ་དང་། ཡང་གྲྭ་པ་གཞན་ཞིག་གིས་སྐད་འབོད་བྱེད་སྐབས་རྒྱ་དམག་གིས་གཅར་རྡུང་བྱེད་བཞིན་པ། དེ་མ་ཟད་ཐའེ་ཝན་མི་མང་གིས་རང་བཙན་སྐད་འབོད་བྱེད་བཞིན་པའི་རྣམ་པ་བཅས་བཀོད་ཡོད་པ་རེད།

oregon tibet mural drama picture

ཕྱི་ཟླ་༨ ཚེས་༨ ཉིན་རྒྱ་ནག་གཞུང་ཚབ་ཀྱིས་ཀོར་ཝ་ལི་གྲོང་སྡེའི་བརྒྱ་དཔོན་ལ་སྐུ་ཞབས་ལིན་གྱི་རྩིག་ངོས་ཀྱི་ཆབ་སྲིད་རི་མོ་དེར་ངོ་རྒོལ་བྱེད་ཕྱིེར་ཡི་གེ་ཞིག་བཏང་བའི་ནང་འཁོད་དོན། “འཛམ་གླིང་འདིའི་ནང་རྒྱ་ནག་གཅིག་མ་གཏོགས་ཡོད་པ་མ་རེད། ཐའེ་ཝན་དང་བོད་གཉིས་ཀ་རྒྱ་ནག་གིས་ཆ་ཤས་ཡིན་པ་དང་དོན་དངོས་དེ་ནི་ཨ་རི་དང་རྒྱལ་ཁབ་མང་ཆེ་བས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད” ཅེས་དང་། མུ་མཐུད་ཡི་གེ་དེའི་ནང་། “ཨ་རི་དང་རྒྱ་ནག་གཉིས་ཀྱི་རྩ་ཆེའི་ཕན་ཚུན་འབྲེལ་ལམ་དེ་རྩ་བརླག་ཏུ་མི་འགྲོ་བའི་ཆེད། ཁྱེད་ཀྱི་ང་ཚོའི་སེམས་ཁུར་ལ་ངོས་འཛིན་གྱིས་ཀོར་ཝ་ལི་གྲོང་སྡེའི་ནང་བོད་དང་ཐའེ་ཝན་གཉིས་ཀྱི་ཆེད་རང་བཙན་ལས་འགུལ་རིགས་མི་སྤེལ་བའི་ཐུགས་འགན་བཞེས་དགོས་”ཞེས་བྲིས་ཡོད་པ་རེད།

ཀོར་ཝ་ལི་གྲོང་སྡེའི་བརྒྱ་དཔོན་ཇུ་ལི་མེ་ནིང་གིས་དེར་ལན་འདེབས་སུ། “ང་ཚོའི་གྲོང་སྡེ་ནང་གི་སྒྱུ་རྩལ་ལྡེབས་རིས་དེས་ཁྱེད་ཚོར་ཐུགས་ཕམ་བྱུང་བ་དེར་བློ་ཕམ་ཡོད། ཡིན་ཡང་ཨ་རིའི་རྩ་ཁྲིམས་ནང་ཡུལ་མི་ཚང་མར་སྨྲ་བརྗོད་རང་དབང་ཡོད་པ་དང་དེའི་ནང་སྒྱུ་རྩལ་རང་དབང་ཡང་ཚུད་ཀྱི་ཡོད་པས་ང་ཚོའི་ངོས་ནས་གནད་དོན་དེའི་ཐད་གང་ཡང་བྱ་རྒྱུ་མེད་”ཅེས་གསུངས་འདུག

རྒྱ་ནག་གཞུང་ཚབ་ཀྱི་ངོ་རྒོལ་ཡི་གེ་དེའི་དམིགས་བསལ་དོན་འབྲས་གང་ཡང་མ་སོན་སྟབས། ཟླ་འདིའི་ཚེས་༤ ཉིན་གཞུང་ཚབ་ཀྱི་ཚོགས་གཞོན་དང་སྐུ་ཚབ་གཞན་ཞིག་ངོ་བཅར་ཐོག ཀོར་ཝ་ལི་གྲོང་སྡེའི་བརྒྱ་དཔོན་དང་གྲོང་ཁྱེར་གྱི་འགོ་ཁྲིད་གཅིག་མཉམ་དུ་གནད་དོན་དེའི་ཐོག་གྲོས་བསྡུར་གནང་འདུག་ཀྱང་། ད་དུང་དོན་འབྲས་དམིགས་བསལ་བྱུང་མི་འདུག

རང་ལོ་༦༥ ཡིན་པའི་སྐུ་ཞབས་ལིན་ནི་ཐའེ་ཝན་ནས་ཡིན་པ་དང། ཕྱི་ལོ་༡༩༧༠ ལོར་ཨ་རིར་གནས་སྤོས་ཀྱིས་ཨ་རིའི་མི་སེར་ལག་ཁྱེར་བླངས་ཏེ། ཚོང་ལས་གཉེར་བཞིན་པ་ཞིག་རེད་འདུག ཁོང་གིས་རུ་ཊར་གསར་ཁང་ལ་རང་ཉིད་ཀྱི་ལྡེབས་རིས་དེར་གནོན་ཤུགས་ཡོད་ཀྱང་ཕྱིར་འཐེན་བྱ་རྒྱུའི་འདུན་པ་མེད་ཚུལ་དང་འབྲེལ་བརྗོད་དོན། “དུས་ཚོད་རིང་པོ་ཞིག་ནས་ང་རང་ལ་རྒྱ་ནག་གིས་ཐའེ་ཝན་དང་། བོད་ཐོག་འཛིན་པའི་སྲིད་ཇུས་དང་བྱ་སྤྱོད་ལ་སེམས་ཁྲལ་ཡོད། དེར་བརྟེན་ལྡེབས་རིས་དེ་བཀོད་པ་ཡིན། གང་ལྟར་སུ་ཡིན་རུང་ཡར་ལངས་ཏེ་གཅིག་བྱེད་དགོས་པ་རེད་” ཅེས་གསུངས་འདུག

ཨ་རིའི་ཀོར་ཝ་ལི་གྲོང་སྡེ་དེ་ནི་པོར་ཊི་ལེན་གྲོང་ཁྱེར་གྱི་ལྷོ་ངོས་སུ་ལེ་དབར་༨༠ ཙམ་ཡོད་སར་ཡོད་པ་དང། ཡུལ་མི་ ༥༤༥༠༠ ཙམ་ཡོད་འདུག ས་ཆ་དེར་ཨོ་རི་གྷོན་མངའ་སྡེའི་གཙུག་ལག་སློབ་གཉེར་ཁང་དེ་ཆགས་ཡོད་པ་དང། སློབ་གཉེར་ཁང་དེའི་ནང་རྒྱ་རིགས་སློབ་མ་༡༦༠༠ ཙམ་ཡོད་འདུག །