བོད་སྐད་དང་ང་རང་།

སྤྱིར་སྐད་གང་ཞིག་ཡིན་རུང་དེ་ནི་མི་རིགས་སམ་རྒྱལ་ཁབ་དེའི་བླ་རི་ལྟ་བུར་གྱུར་ཡོད་ལ།  ལྷག་པར་དུ་འཇིག་ལ་ཉེ་བའམ་ཆེས་ཉེན་ཁའི་གནས་སུ་ལྷུང་བའི་ང་ཚོ་བོད་པ་ཚང་ལ་མཚོན་ན་དབྱངས་གསལ་སོ་བཞི་ལས་བསྒྲུབས་པའི་མ་སྐད་འདི་ནི་རང་ཉིད་ཀྱི་བླ་སྲོག་ངོ་མ་དེ་ལས་མ་འདས།

དེང་སང་སྟེ་དུས་རབས་ཉེར་གཅིག་པའི་སྐབས་འདིར་སྤྱིར་གོ་ལ་ཆུང་དུ་ཕྱིན་པ་དང་སྒོས་སུ་ཚན་རྩལ་ཧ་ཅང་དར་བའི་རྒྱལ་ཁབ་མང་པོ་ཞིག་གི་རིག་གནས་ཀྱི་ང་ཚོ་ལྟ་བུ་རིག་གསར་དར་ཁྱབ་ཆུང་བའི་རྒྱལ་ཁབ་དང་ཡུལ་ལུང་མང་པོར་བཙན་གནོད་བྱེད་ཀྱི་ཡོད་ལ།  ཡང་སྒོས་ད་ལྟ་དེ་རིང་གི་དུས་ཚོད་ནི་ང་ཚོའི་སྐད་ཡིག་ལྟ་བུ་ལ་མཚོན་ན་ཕྱི་ནང་གི་དགྲ་བོ་ཧ་ཅང་མང་ཞིང་ཐ་ན་རང་ཉིད་ཀྱི་བདག་པོ་བོད་པ་ཚོས་ཀྱང་རྒྱང་རིང་དུ་དོར་བའི་དུས་རབས་ཤིག་ཏུ་སླེབས་ཡོད། 

དེ་བས་ན། ཟླུམ་གཟུགས་ཀྱི་གོ་ལ་འདི་ན་བོད་སྐད་དང་ང་རང་ནི་ཆེས་ཉམ་ཆུང་ཞིང་སུས་ཀྱང་དོར་ཆོག་ཆོག་ཅིག་དང་། གཅེས་སྐྱོང་ཞན་ཞིང་བཀོལ་སྤྱོད་ཆུང་བ་ཞིག་སྟེ་དཔེར་ན་བོད་མི་ཚོའི་རང་ཉིད་ཀྱི་མིང་བྱང་ཡན་ཆད་བརྗེ་ལ་ཁེལ་འདུག  ངས་འདི་ལྟར་བཤད་དུས་བོད་མི་མང་པོ་ཞིག་གི་སེམས་སུ་དེ་ལྟར་ཡིན་མི་སྲིད་དེ་དགོན་སྡེ་ཁག་དང་གཞིས་རིམ་སློབ་གྲྭ་ཁག་ཏུ་བོད་ཡིག་སློབ་ཀྱིན་ཡོད་བསམ་སྲིད་ན་ཡང་བོད་ཡིག་སློབ་པ་བདེན་མོད་དེ།  དོན་དམ་པ་དང་སྙིང་དག་པ་ནས་སྦྱོང་སྤྱོད་བྱེད་མཁན་ཧ་ཅང་ཉུང།  དེ་ཡང་ཡིན་ཏེ། འཛིན་རིམ་བཅུ་གཉིས་ཐོན་པའི་བོད་ཕྲུག་ཚོའི་བོད་ཡིག་འབྲི་བ་དང་བོད་སྐད་འཆད་བཞིན་པ་དེས་ང་ཚོ་ལ་བརྡ་ལེན་རྣལ་མ་ཞིག་སྤྲད་ཡོདཔ་རེད། དེ་སྔོན་ངས་རྒྱ་གར་མཐོ་སློབ་ཏུ་སྐྱོད་བཞིན་པའི་བོད་ཕྲུག་མང་པོ་ཞིག་དང་གླེང་མོལ་བྱེད་སྐབས།  ལ་ལས”བོད་ཡིག་ཐོག་ཏུ་ཡོད་པའི་རྩོམ་ཡིག་རྣམས་ཚིག་འབྲུ་བཀླག་དཀའ་ལ་ནང་དོན་གོ་དཀའ་བས་ང་ཚོས་སྦྱོང་མི་ཐུབ་ཟེར་བ་དང་། སྐད་ཡིག་གཞན་གྱི་ཐོག་ཕྲུ་གུའི་སེམས་ཁམས་དང་མཚམས་པའི་བྱིས་སྒྲུང་སྟེ་རིས་མོ་དང་ལྷན་ཏུ་ཡོད་པའི་རྩོམ་ཡིག་མང་པོ་ཀློག་རྒྱུ་འདུག་ཅེས་བཤད་པ་དེ་ཡང་བདེན་ལུགས་སུ་སྣང་ལ།  ད་དུང་ཡ་མཚན་པའི་སྤྱི་ཚོགས་ཀྱི་གླེང་གཞི་ཞིག་སྟེ།  བོད་ཡིག་སྦྱངས་ནས་ཅི་བྱེད། བོད་ཡིག་ཐོག་ལས་ཀ་རག་གི་མི་འདུག་ཟེར་བ་དང་། ཡང་ལ་ལས་བོད་ཡིག་སྦྱངས་ནས་སྨན་རྩིས་ཁང་ལ་མ་གཏོགས་བེད་སྤྱོད་མི་འདུག་ཟེར་བ་སོགས་ལབ་གླེང་སྣང་ཚོགས་པ་དེ་དག་ལས་ང་ཚོའི་སྤྱི་ཚོགས་ཐོག་བོད་ཡིག་ལ་རིན་ཐང་ཅི་ཙམ་སྤྲད་པ་མཐོང་ལ།  བོད་སྐད་དང་ང་རང་གི་ལས་དབང་དེ་ཡང་གནས་སྟངས་གང་འདྲ་ཞིག་ཏུ་གྱར་མིན་ཤེས་ངེས་པ་རེད།  ངས་གོང་དུ་བོད་སྐད་དང་ང་རང་ཞེས་པའི་ང་རང་ནི་རྩོམ་ཡིག་འདི་འབྲི་བ་པོ་ང་རང་མིན་པར་བོད་པ་ཚོ་ལ་གོ་དགོས།  ང་རང་ཞེས་སྤྱོད་དོན་ནི་མི་སུ་ཡིན་ཡང་རང་ཉིད་ལ་གཅེས་འཛིན་ཆེན་པོ་ཡོད་སྟབས་རྩོམ་ཡིག་འདི་ལ་དོ་སྣང་གསར་པ་ཞིག་ཡོང་ཕྱིར་དུ་བྲིས་པ་དགེའོ།།