༄༅།།འཆར་ཡན་སེམས་ཀྱི་གསང་བ།།
རྫ་ཆུའི་སྙན་གླུ་ལེན་སའི་རྡ་རམ་ས་ན།།
སྟོང་ལོའི་དུས་རབས་གསར་བའི་ཁ་ཕྱོགས་གླེང་བཞིན།།
མ་འོངས་བརྟེན་འབྱུང་གསར་བའི་ཕུགས་བསམ་སྒུག་ཏེ།།
གཙང་བོའི་ཕ་བོང་གདོང་ལ་ལོ་རྒྱུས་འཇོག་འདོད།།
མི་ཚེ་འཛུམ་གྱིས་བསུ་བའི་བརྟེན་འབྱུང་སྙིང་ནོར།།
ཚེ་སྟོད་ཕྱེད་ཀ་བསྐྱལ་བའི་ཕྱིར་མིག་ཁྲོད་ན།།
སྤྲོ་སྐྱིད་གཏིང་ནས་འཛུམ་པའི་ནམ་ཟླ་དྲན་སྐབས།།
དྲོད་ཁོལ་སེམས་སུ་འཁྱིལ་བའི་དགའ་སྟོན་གྲངས་མེད།།
འཆར་ཡན་གར་སྟེགས་ཁྲོད་ཀྱིས་ཟློས་གར་རེ་རེ།།
སེམས་ཀྱི་དུང་ཤོག་ངོས་སུ་གྲངས་མེད་འཆར་སྐབས།།
རང་ཉིད་མལ་སའི་སྟེང་ནས་སྙུག་གིས་རྩེ་ནས།།
འཆར་ཡན་སེམས་ཀྱི་ཚོར་བ་ཡིག་ཐོག་ཕབ་ཤོར།།
གངས་རིའི་ཞལ་གདོང་དཀར་པོ་ཁ་བའི་གཡོགས་ས།།
ནགས་ལོའི་ལྗོན་གསང་ངོགས་སུ་ཉི་ཟེར་ཕོག་ས།།
མུ་མངོན་མཁའ་དབྱིངས་ལམ་ནས་ཆར་སྤྲིན་འཁྲིགས་ས།།
ལྗང་ལོའི་རྩྭ་ཐང་ངོགས་ནས་རང་རྣམ་འབྲི་ཤོར།།
མི་ཚེ་ཐུང་ཐུང་ཞིག་གི་འཁོར་བསྐྱོད་མཚམས་སུ།།
ཕུགས་བསམ་ལོ་རྒྱུས་འཚོལ་བའི་དུས་རབས་ཤིག་ལ།།
ལས་དབང་བརྟེན་འབྱུང་བཙན་པོའི་བཀའ་སྟེགས་འོག་ན།།
འདས་དོན་ལོ་རྒྱུས་རིང་མོའི་རྨི་ལམ་རྟོགས་བྱུང་།།
གསེར་རྟའི་ཁེར་རྐྱང་རྡ་སའི་རི་ལྗོན་འདབས་ན།།
ཕྱིར་མིག་ཤུལ་ལམ་རིང་མོའི་དུང་བ་བརྩེགས་བཞིན།།
འདོད་ཆུང་ཆོས་ཤེས་ངང་ནས་འཚོ་བ་བསྐྱལ་ཏེ།།
ཤོག་སྙུག་བརྩེགས་མའི་འོག་ནས་མི་ཚེ་རྫོགས་ཐལ།།
གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་
འབོད་པས་བོད་ཀྱི་རྒྱལ་ས་གཉིས་པ་བཞུགས་སྒར་རྡ་རམ་ས་བོད་ཀྱི་
ཟློས་གར་ཚོགས་པའི་ཉེ་འཁྲིས་སུ་སུག་བྲིས་བགྱིས་པའོ།།
༢༠༡༢ ༩ ༡༢