བཙན་བྱོལ་ནང་གི་ཤེས་ཡོན་པ་དག་གིས་ཞིང་འབྲོག་མི་མང་གི་བསམ་བློའི་རྗེས་ཟིན་གྱི་མི་འདུག
དུས་རབས་ཉེར་གཅིག་པར་སླེབས་པ་ན་འུ་ཅག་གིས་ཀྱང་དུས་རབས་ཉེར་གཅིག་པའི་མི་གཞིའི་མནོ་བསམ་དང་མཐུན་པའི་མི་བུ་ཞིག་བཀའ་ཁྲིར་ཕེབས་ཐུབ་པ་ནི་བོད་མི་མང་མགོ་རྨོངས་ལས་གྲོལ་ཏེ། སྤྱི་ཚོགས་གསར་པའི་འཕེལ་རྒྱས་བསུ་བས་འགྲོ་ལམ་གསར་པ་ཞིག་དང་།
རྒྱལ་རྒྱུད་བླ་རྒྱུད་ཀྱིས་བསྐྱངས་བའི་གོམས་གཤིས་ཤིག་མཇུག་བསྒྲིལ་བའི་སྐལ་བཟང་བརྗེད་ཐབས་བྲལ་བ་ཞིག་རེད། དེ་ཡང་བཙན་བྱོལ་བོད་གཞུང་ངམ་༧གོང་ས་མཆོག་གི་ཕྱག་འོག་གཞི་རིམ་སློབ་ཆུང་ནས་བཟུང་ཆེས་མཐོའི་མཐོ་སློབ་རྩེར་སོན་མཐར་ཕྱིན་དཔང་ཡིག་ཡོད་མཁན་ཞིག་གི་ལག་ཏུའང་། བོད་གཞུང་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཀྱི་འགན་དབང་ཡོད་དོ་ཅོག་རྩིས་སྤྲོད་བྱེད་ཐུབ་པ་ནི་༧གོང་ས་ཡིད་བཞིན་ནོར་བུའི་གཟི་བརྗིད་ཞིག་དང་མི་ལོ་ལྔ་བཅུ་ལྷག་གི་དམིགས་ཡུལ་ཆུད་ཟོས་སུ་མ་སོང་བའི་དཔང་རྟགས་ངོ་མ་ཞིག་ཡིན་པ་མ་ཟད། ཞིང་འབྲོག་མི་དམངས་ཀྱི་འཚོ་བའི་ཁྲོད་ནས་འཚར་ལོངས་བྱུང་བའི་མི་བུ་ཞིག་གིས་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་བ་ཞིག་ཁུར་ཐུབ་པ་ནི་བོད་ཀྱིས་འཐབ་རྩོད་ཀྱི་རྨང་གཞི་འགྱུར་མེད་རྟག་བརྟན་གྱི་ལམ་བུ་ཞིག་ཏུ་བསྐྱོད་ཐུབ་སོང་བ་རེད་སྙམ།
དེ་དེ་ལྟར་ཡིན་ནའང་། བཀའ་ཁྲི་མཆོག་ལ་ད་དུང་ཟུར་ཟ་དང་། སྡིགས་དམོད། དམའ་འབེབས། ཕྱོགས་ལྷུང་འབུར་ཐོན་བྱེད་མཁན་རེ་ཟུང་ཡོད་ལ་ཡོད་ཀྱང་སྲིད་པ་ཞིག་རེད། ངས་ཀྱང་བཀའ་ཁྲི་མཆོག་གིས་གང་བྱས་ཐམས་ཅད་འགྲིག་པ་རེད་ཅེས་བཤད་ཀྱི་མེད་ལ་བཤད་ནའང་མི་འགྲིག་པ་རེད། གང་ལྟར་ཀྱང་ང་ཚོས་ཤེས་དགོས་པ་ཞིག་ནི་མི་བུ་སུ་འདྲ་ཞིག་ཡིན་ནའང་ལས་འགོ་བརྩམས་པ་དང་གྲུབ་འབྲས་འབྱུང་མི་སྲིད་པ་ནི་ཤེས་དགོས་པའི་གནད་ཡིན་ལ། མཁས་དབང་བློ་བཟང་སེང་གེ་མཆོག་གིས་བཀའ་ཁྲིའི་མཛད་ཁུར་བཞེས་ནས་མི་ལོ་ཧྲིལ་པོ་གཅིག་ལྷག་གི་རིང་ལ་ཁོང་གིས་ཕྱག་ལས་གནང་སྟངས་ལ་མགོ་༧གོང་ས་མཆོག་ནས་བཟུང་ཞིང་འབྲོག་མི་དམངས་ཡན་ཆད་ཀྱིས་རེ་ཡིད་གང་བཞིན་པའི་སྐབས་འདིར། འོལ་ཚོད་ཀྱི་མུན་ནག་ཏུ་འདེད་རྩིས་བྱེད་པ་ནི་དམར་པོ་རིང་ལུགས་ཀྱི་རྒྱུག་ཁྱི་ཡིན་མིན་གང་ལྟར་ཀྱང་བྱེད་ལས་ཀྱི་ངོ་བོ་འབྱེད་དཀའ་བར་སྣང་།
ང་ཚོས་སྔོན་སོང་གི་བཀའ་ཁྲི་རིམ་བྱོན་གྱིས་འགྲོ་ལམ་ལ་ཕྱི་མིག་ཅིག་བལྟས་པ་ཡིན་ན། ཁོང་ཚོའི་འགྲོ་ལམ་ནི་ཡིད་ཕམ་སྐྱོ་སྡུག་གི་ལམ་བུ་ཞིག་ལས་གསར་གཏོད་མདུན་བསྐྱོད་ཀྱི་རེ་ཡིད་གང་བའི་མཛེས་སྡུག་གི་ལམ་བུ་ཞིག་བྱུང་མེད་པ་འདི། སུ་ཞིག་ལན་མིན་རྩད་ཞིབ་ཞིག་བྱས་པ་ཡིན་ན། ཕྱོགས་གཅིག་ནས་འུ་ཅག་སྐུ་ངོ་རྣམས་ལ་ཤེས་ཡོན་གྱིས་རང་ཁ་མ་སོས་བའི་དབང་གིས་རང་ཕྱོགས་ཀྱི་ཁ་དབུགས་སྟུག་དྲག་པའི་ཡིན་སྲིད་ལ། ཕྱོགས་གཞན་པ་ནས་འུ་ཚང་གི་ཤེས་ཡོན་པ་དང་ཆབ་སྲིད་པའི་སྤྱི་སེམས་རུལ་སུངས་བའི་དབང་གིས་ལན་པ་ལས་ཞིང་འབྲོག་མི་མང་གི་ལན་པ་གཏན་ནས་མིན་ལ་བསམ་ཡང་མི་སྲིད། སྤྱིར་ཡིན་ན། ཤེས་ཡོན་པ་དང་ཆབ་སྲིད་པ་སྤྱི་ཚོགས་གང་དང་གང་དུ་གནས་ནའང་སྤྱི་ཚོགས་དེའི་ཁྲོད་ན་གོ་གནས་གལ་ཆེན་ཞིག་དང་མི་བུའི་མཛེས་སྡུག་གི་རིན་ཐང་ལ་གུས་བཀུར་དགོས་པ་གནད་ཀྱི་དོན་པོ་ཡིན་ཡང་། ད་ལྟ་ང་ཆེས་འཇིགས་སྣང་བྱེད་ས་དེ་གཞན་ཕྱོགས་མིན་ལ། འུ་ཚང་གི་ཤེས་ཡོན་པ་དང་ཆབ་སྲིད་པར་མི་གཞིའི་རང་ཚུགས་ཀྱི་ལྟ་བ་མེད་པ། དྲང་བདེན་འཕེལ་རྒྱས་ལ་མིག་ལོག་བྱེད་པ། སྤྱི་སེམས་ལས་སྒེར་སེམས་ཆེ་བ། དོན་དངོས་ཡོད་ཀྱི་རྒྱལ་སྤྱིའི་འགྱུར་བ་དང་བསྟུན་ཏེ་འཐབ་རྩོད་ཀྱི་ཀླད་པ་མི་དཀྲུག་པར། དགའ་ས་ཉེ་ས་དེས་ཆེད་དུ་མི་བུ་མཛེས་སྡུག་ཅན་སུ་འདྲ་ཞིག་ཡིན་ནའང་། མུན་ནག་ཏུ་འདེད་རྩེས་བྱེད་པའི་རྒྱུ་འབྲས་བློ་མིག་མི་གསལ་པ་དེ་རེད།
ད་ལྟ་ང་ཚོས་མིག་མཐོང་ལག་ཟིན་དུ་ཡོད་པ་ནི་བཙན་བྱོལ་ལ་སླེབས་ནས་མི་ལོ་ལྔ་བཅུའི་རིང་ལ་བཀའ་ཟུར་མང་པོ་ཞིག་བྱུང་ཡོད་ནའང་། ད་ཡ་ཟེར་དུས་སྤྱི་ཚོགས་ཀྱིས་བཀུར་འོས་པའི་བཀའ་ཟུར་ཞིག་ནམ་མཁའི་མེ་ཏོག་དང་རི་བོང་གི་རྭ་བཞིན་མེད་སོང་བ་འདིར། ཞིང་འབྲོག་མི་མང་གི་ཀུན་སློང་མ་གཙང་པ་ཞིག་གཏན་ནས་མིན་ལ། ཤེས་ཡོན་པ་དང་ཆབ་སྲིད་པའི་རང་ཚུགས་དང་མི་གཞིའི་སྙིང་སྟོབས་ཀྱི་ལྟ་བ་བོར་ནས་སྤྱི་གཞུང་ལ་འགན་མ་ཁུར་བས་རེད།
ད་ལྟ་ང་ཚོས་རེ་འདུན་འཕྱུར་བཞིན་པའི་སྲིད་སྐྱོང་བ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་ཧུར་བརྩོན་གྱི་མྱུ་གུ་ཇེ་བཟང་ཇེ་ལེགས་སུ་འགྲོ་བ་ལ་ང་ཚོས་རྟེན་འབྲེལ་ཞུ་འོས་ནའང་། འུ་ཚང་གི་སྨྱུག་འཛིན་པ་རེ་ཟུང་གིས་བཀའ་ཁྲི་མཆོག་གི་ཕྱག་ལས་གནང་སྟངས་ལ་མ་བསམ་པ་བོད་ཡིག་ཤེས་མིན་གྱི་ཐད་ལ་མཛུབ་སྟོན་བྱེད་ཀྱི་འདུག ངས་བལྟས་ན་ང་ལ་མ་བཟང་ན་སྤྱི་གཞུང་ལ་དོ་ཁུར་བྱས་ཀྱང་ཇུས་གཏོགས་མེད་ཅེས་རང་མཚང་བརྟོལ་བ་ལས་གནད་ལ་ཁེལ་བའི་སྐྱོན་བརྗོད་ཅིག་མོ་གཤམ་གྱི་བུ་བཞིན་སྣང་། སྤྱིར་ཡིན་ན་གཞུང་གི་ལས་ཀྱི་སྣེ་མོ་བ་སུ་ཡིན་ཡང་འགྲིག་མིན་མང་ཚོགས་ཀྱིས་ལབ་གླེང་བྱ་དགོས་པ་གནད་ཀྱི་ནང་གི་རྩ་བ་ཡིན་ལ། ལས་ཀྱི་སྣེ་མོ་བ་དག་གིས་ཀྱང་མང་ཚོགས་ལ་ཉན་བཞིན་རང་ཉིད་བཅོས་བསྒྱུར་བྱས་ན་མང་ཚོགས་ལ་གུས་བརྩི་མཚོན་ལ་གུ་ཡངས་ཀྱི་སྤྱི་ཚོགས་ཞེས་པ་ཡང་དེ་རེད་འདོད། ཡང་བཀའ་ཁྲི་མཆོག་གིས་བོད་ཡིག་ཤེས་མིན་གྱི་ཐད་ལ་རྩོམ་ཡིག་གང་མང་ཞིག་མཐོང་སོང་ལ། དེ་དག་ཀློག་གི་ཀློག་གི་ཧང་སངས་དགོས་པ་ཞིག་ལ་བཙན་བྱོལ་ནང་གི་ཤེས་ཡོན་པ་དག་གིས་ཞིང་འབྲོག་མི་མང་གི་བསམ་བློའི་རྗེས་ཟིན་གྱི་མི་འདུག་བསམ་པའི་ཚོར་བ་རྣལ་མ་ཞིག་ངང་གིས་བསླེབས། གང་ཡིན་ཟེར་ན། ད་ལྟའི་ང་ཚོའི་གནས་སྟངས་འདིའི་ཐོག་ནས་བསམ་གཞིག་བྱས་ན། བོད་རྒྱའི་ཆབ་སྲིད་འཐབ་རྩོད་བྱེད་མཁན་ཞིག་ལ་དབྱིན་ཡིག་དང་བོད་ཡིག་ལས་དབྱིན་ཡིག་ཤེས་ན་ནུས་པ་ཐོན་གྱི་ཡོད་པ་མངོན་སུམ་རེད། ཞིང་འབྲོག་མི་མང་གིས་གནད་འགག་དེ་ཤེས་ནས་ཁོང་བཀའ་ཁྲིར་ཕེབས་ཐུབ་པ་རེད་བསམ།།
ཅེས་རྔ་བ་བརྒྱད་གསུམ་གཅིག་དྲུག་ནས་སྒོ་མང་ཟུང་ཆུ་ཁང་ཚན་ནས་ ༢༠༡༢ ༠༩ ༡༥ ཉིན།