རྒྱ་ནག་ནང་མི་མང་གིས་ཉི་ཧོང་ལ་ངོ་རྒོལ།

རྒྱ་ནག་དང་ཉི་ཧོང་རྒྱལ་ཁབ་གཉིས་བར་མཚོ་གླིང་ཞིག་གི་བདག་དབང་རྩོད་རྙོག་དེའི་རྐྱེན་པས། དེང་སྐབས་རྒྱ་ནག་ནང་མི་མང་གིས་ངོ་རྒོལ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་འདུག

ཟླ་འདིའི་ཚེས་༡༨ ཉིན་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཚེས་༡༦ ཉིན་རྒྱ་ནག་ནང་རྟེན་གཞི་བྱས་པའི་ཉི་ཧོང་གི་འཕྲུལ་ལས་བཟོ་གྲྭ་དང། ཟ་ཁང། ཚོང་ཁང་ཁག་གཅིག་ལ་རྒྱ་ནག་མི་མང་གི་ངོ་རྒོལ་བྱེད་སྐབས་གཏོར་སྐྱོན་བཏང་ཡོད་པས། ཉི་ཧོང་གི་གཞུང་ཚབ་ལས་ཁུངས་དང་བཟོ་གྲྭ་མང་པོ་ཞིག་སྒོ་རྒྱག་དགོས་པའི་གནས་སྟངས་ཆགས་ཡོད་འདུག ཚེས་༡༧ ཉིན་གནས་སྟངས་ཏོག་ཙམ་ཡར་རྒྱས་ཕྱིན་ཡོད་ན་ཡང་ཚེས་༡༨ ཉིན་རྒྱ་ནག་གི་ལོ་རྒྱུས་ནང་ཉི་ཧོང་གིས་ཕྱི་ལོ་༡༩༣༡ ནང་རྒྱ་ནག་སྐམ་ས་ཆེན་པོའི་ས་ཆ་འགའ་ཞིག་ལ་བཙན་འཛུལ་བྱས་པའི་ཉིན་མོར་ཁེལ་གྱི་ཡོད་པས་བསྐྱར་དུ་པེ་ཅིང་གཙོས་ས་གནས་མང་པོར་ངོ་རྒོལ་བྱས་ཡོད་འདུག

རྒྱ་ནག་དང་ཉི་ཧོང་གཉིས་བར་ཨ་སྒོར་ཐེར་འབུམ་༣༤༥ སྐོར་གྱི་ཚོང་འབྲེལ་རིན་ཐང་ཡོད་པ་རེད། ཉེ་ཆར་ངོ་རྒོལ་གྱི་བརྒྱུད་རིམ་ཁྲོད་རྒྱ་ནག་ནང་གི་ཉི་ཧོང་གི་རླངས་འཁོར་འཕྲུལ་ལས་བཟོ་གྲྭ་ཊོ་ཡོ་ཊ་དང། ཧོན་ཌ། ཁེ་ནོན་དཔར་ཆས་བཟོ་གྲྭ། དེ་མ་ཟད་ཟ་ཁང་ཁག་གཅིག་ལ་ངོ་རྒོལ་བ་ཚོས་གཏོར་སྐྱོན་བཏང་ཡོད་པ་དང། བཟོ་གྲྭ་དེ་དག་གནས་སྐབས་རིང་སྒོ་རྒྱག་དགོས་བྱུང་འདུག དེ་བཞིན་རྒྱ་ནག་ནང་གནས་སྡོད་བྱེད་མཁན་ཉི་ཧོང་ནས་ཡིན་པའི་མི་མང་ཆེ་བ་ནང་ལ་སྡོད་པ་ལས། ལས་ཀར་འགྲོ་མ་ཐུབ་པའི་གནས་སྟངས་དེ་འདྲ་ཆགས་ཡོད་སྐོར་བརྒྱུད་ལམ་ཁག་ཏུ་བརྗོད་འདུག

རྩོད་རྙོག་འབྱུང་བཞིན་པའི་མཚོ་གླིང་དེ་ནི་ཉི་ཧོང་དང། རྒྱ་ནག ཐའེ་ཝན་གསུམ་ཀས་སོ་སོའི་རྒྱལ་ཁབ་ལ་བདག་དབང་ཡོད་ཚུལ་བརྗོད་བཞིན་ཡོད་པ་རེད། ཉི་ཧོང་གིས་མཚོ་གླིང་དེར་སེན་ཀཱ་ཀུ་ཞེས་འབོད་པ་དང་། རྒྱ་ནག་གིས་དཱ་ཝོ་ཡུ་ཞེས་འབོད་ཀྱི་འདུག ཉི་ཧོང་གིས་༡༨༩༥ ལོ་ནས་མཚོ་གླིང་དེ་བདག་པོ་རྒྱག་བཞིན་ཡོད་པ་དང་། འཛམ་གླིང་དམག་ཆེན་གཉིས་པའི་མཇུག་ཏུ་མཚོ་གླིང་དེ་ཉི་ཧོང་གི་ལག་ནས་ཨ་རིར་ཤོར་ཡོད་པ་རེད། ཕྱི་ལོ་༡༩༧༡ ལོར་ཨ་རིས་མཚོ་གླིང་དེ་ཉི་ཧོང་ལ་རྩིས་སྤྲོད་བྱས་འདུག་པ་དང་། རྒྱ་ནག་དང་ཐའེ་ཝན་གཉིས་ཀྱིས་མཚོ་གླིང་དེ་ནི་དུས་རབས་༡༤ ནས་ཐའེ་ཝན་གྱི་ཆ་ཤས་ཞིག་ཡིན་སྐོར་བརྗོད་ཀྱི་ཡོད་པ་རེད། ཕྱི་ལོ་༡༩༦༨ ལོར་མཚོ་གླིང་དེར་སྣུམ་གྱི་ཐོན་ཁུངས་ཡག་པོ་ཡོད་པ་ཤེས་རྗེས། ཉི་ཧོང་དང་རྒྱ་ནག་བར་མཚོ་གླིང་དེའི་བདག་དབང་སྐོར་རྩོད་གླེང་འགོ་ཚུགས་པ་དང། མཚོ་གླིང་དེའི་རྩོད་རྙོག་རྐྱེན་པས་རྒྱལ་ཁབ་ཕན་ཚུན་བར་གྱི་མཐུན་འབྲེལ་ལ་དཀའ་རྙོག་ཆེན་པོ་འཕྲད་བཞིན་ཡོད་པ་རེད།།