གསར་འགོད་རང་དབང་ལ་ཚད་བཀག
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༠༤ ཕྱི་ལོ་ ༢༠༡༢/༩/༡༩
སྐབས་འདིའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ནང་མིང་མེད་དྲ་འབུ་དག་གིས་སྤེལ་བའི་སྲང་ལམ་བར་གྱི་སྐད་ཆ་ནས་བཟུང་སྟེ། གསར་འགོད་རང་དབང་དང་འབྲེལ་བའི་བར་དུ་གླེང་སློང་གང་མང་ཞིག་བྱས་སོང། དེ་ལ་བརྟེན་ནས་གསར་འགོད་པའི་རང་དབང་ལ་དོ་ཕོག་འགྲོ་ཐུབ་པ་ཞིག་ཡིན་མིན་གང་ལྟར་ཡང་།
དྲ་འབུ་དག་གིས་སྤེལ་བའི་དཀྲོག་གཏམ་ལ་རིན་ཐང་གང་འཚམ་ཞིག་སྤྲད་པ་ལྟ་བུར་གྱུར་སོང། ཁ་ཤས་ཀྱིས་གསར་འགོད་བརྒྱུད་ལམ་ཁག་དེ་མང་གཙོའི་ཀ་བ་བཞི་པ་ཡིན་ཚུལ་གླེང་བཞིན་ཡོད་ནའང། བཙན་བྱོལ་བའི་གསར་འགོད་པ་རྣམས་རང་བཙན་ཡོད་པའི་རྒྱལ་ཁབ་དང་གཅིག་པ་ཡིན་པའི་ལྟ་ཚུལ་བཟུང་ན་མི་འགྲིག་ཚུལ་ཡང་བརྗོད་སོང། ཁག་ཅིག་གིས་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་དྲ་རྒྱ་ཁག་ཏུ་རྒྱ་མི་དངོས་སུ་སླེབས་འདུག་སོགས་ཀྱང་ཟེར།
གྲོས་ཚོགས་ནང་གླེང་སློང་དེ་ལྟར་བྱེད་དགོས་པ་ཞིག་ཡིན་མིན་དང། གླེང་ནས་ཕན་ཐོགས་ག་ཚད་ཡོད་མེད་སོགས་ལ་བསམ་གཞིག་ནན་ཏན་གནང་ཡོད་ངེས་སྙམ། འོན་ཀྱང་མིང་མེད་དྲ་འབུ་དག་གི་སེམས་ལ་ད་ལན་ང་ཚོའི་བྱ་སྤྱོད་ལ་གྲོས་ཚོགས་ནས་ཀྱང་དོ་སྣང་ཤུགས་ཆེ་སྤྲད་སོང་བསམ་ནས་སེམས་ཤུགས་འཕར་མ་སྐྱེ་གཞི་ཞིག་ཏུ་འགྱུར་སྲིད་པ་དང། བཀུར་འོས་སྤྱི་འཐུས་རྣམས་ནི་བོད་ཀྱི་རྩ་དོན་ལ་སེམས་ཤུགས་ཡོད་དགོས་པ་ཞིག་རེད། དེར་བརྟེན་བོད་ཀྱི་རྩ་དོན་ལ་གནོད་པའི་གསར་འགྱུར་དང་རྩོམ་ཡིག་སྲང་ལམ་ནང་གི་སྐད་ཆ་ཙམ་མ་ཡིན་པར་བརྒྱུད་ལམ་ཁག་གི་ནང་དུ་སླེབས་ཟིན་པའམ། སྤེལ་བའི་སྐབས་སུ་མང་གཙོའི་སྤྱི་ཚོགས་ཀྱི་ལུགས་སྲོལ་དང་མཐུན་པ་བཞིན་ཁྲིམས་གཏུག་གི་ཐོག་ནས་གནོན་ཤུགས་དང་བཀག་སྡོམ་བྱེད་དགོས་པ་ཧ་ཅང་གལ་ཆེ།
གསར་འགོད་པའི་ངོས་ནས་སྤྱི་ཚོགས་ལ་འགན་ཁུར་དགོས་པ་མང་པོ་ཡོད་ཀྱང། དེ་ནི་གནས་ཚུལ་གང་ཡིན་པ་དེ་སྦས་འགེབས་བྱ་རྒྱུ་དེ་མིན་ལ། གསར་འགོད་པ་ཞིག་ལ་མཚོན་ན་ཀུན་སྤྱོད་རང་བཞིན་ལ་ཚད་ཐིག་ཅིག་ངེས་པར་དུ་ཡོད་པ་དང། ཁྲིམས་ལུགས་ཀྱི་རྒྱ་ལས་མ་བརྒལ་ཞིང་གསར་འགོད་པའི་རང་གཤིས་མ་དོར་བར་ལས་ཀ་བྱེད་དགོས་པ་དེ་བས་ཀྱང་གལ་ཆེ། བཙན་བྱོལ་བ་ཡིན་པ་ཙམ་གྱིས་གནས་ཚུལ་ངོ་མ་དེ་དག་འགེབས་སྦས་བྱས་ན་སྤྱིའི་རྩ་དོན་ལ་ཕན་ཐོགས་ཡོད་མེད་ཀྱང་ཧ་ཅང་གསལ་པོ་རེད། དེར་བརྟེན་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་གསར་འགོད་པ་ཚོར། རང་ལ་དབང་བའི་ཁོར་ཡུག་རྒྱ་ཆེན་པོ་ཞིག་མེད་ཀྱང། གང་ཡོད་པ་དེ་བེད་སྤྱད་ནས་སྤྱི་ཚོགས་ལ་གནས་ཚུལ་རྣམས་མཁོ་སྤྲོད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་ལས། ཆབ་སྲིད་ཀྱི་སྣེ་མོ་བ་དག་གི་དགའ་སྡུག་གི་ངོ་མདངས་ཡག་སྡུག་ཁོ་ན་འཚོས་ནས་བསྡད་ན་ནམ་ཞིག་གསར་འགོད་པ་དང་བརྒྱུད་ལམ་ཁག་ཀྱང། དོན་གྱིས་རུལ་སུངས་ཅན་དུ་འགྱུར་ངེས་པ་རེད།
གསར་འགྱུར་ནང་དུ་ཐོན་པ་ཙམ་གྱིས་ཚད་ལྡན་ཁོ་ན་རུ་ངོས་འཛིན་དགོས་པ་ཞིག་མིན་ལ། བརྒྱུད་ལམ་ཁག་གི་སྣེ་མོ་བ་ཚོས་གསར་འགྱུར་དང་རྩོམ་ཡིག་ཁག་ལ་འགན་ཁུར་མེད་པར་སྤེལ་བ་དང། དངོས་ཡོད་གནས་ཚུལ་མ་ཡིན་པའི་རིགས་ཐོན་ཚེ་ཐོག་མ་གསལ་བཤད་དང་ལན་འདེབས་ཀྱིས་ལ་དག་པ་ཞིག་ཡིན་མིན། གལ་སྲིད་དངོས་ཡོད་གནས་ཚུལ་ལས་བརྒལ་ཞིང་ཁྲིམས་འགལ་གྱི་རང་བཞིན་ལྡན་པའི་རིགས་ལ་ངེས་པར་དུ་ཁྲིམས་ཐོག་ནས་བརྡ་འདེད་བྱེད་དགོས། རྒྱུ་མཚན་དེ་ལ་བརྟེན་ནས་གསར་ཤོག་འདོན་མཚམས་འཇོག་དགོས་པ་དང། གསར་ཁང་སྒོ་རྒྱག་དགོས་པ་སོགས་ཀྱི་གནས་ཚུལ་ཡང་ཡོང་སྲིད་པ་ཞིག་ཡིན་མོད། གལ་སྲིད་ཁུངས་ལུང་དང་རྒྱུ་མཚན་མེད་པའི་བརྒྱུད་ལམ་དེ་ལྟ་བུ་ཡོད་ན་ངེས་པར་དུ་དེ་ལྟར་བྱེད་འོས་པ་དང་བྱེད་དགོས་པ་ཞིག་རེད།
གཞན་བརྒྱུད་ལམ་ཆ་ཚང་ལ་སྤྱི་མཚུངས་བཞིན་རྒྱུག་པ་ལེབ་རྡུང་བྱས་ན་མང་གཙོའི་སྤྱི་ཚོགས་ཀྱི་སྨྲ་བརྗོད་རང་དབང་ལ་ཚད་བཀག་བྱས་པ་ཙམ་ལས། སྤྱི་ཚོགས་དང་རྩ་དོན་གང་ལའང་ཕན་ཐོགས་གཏན་ནས་མེད། སྤྱིར་བཙན་བྱོལ་བོད་པའི་གསར་འགོད་པ་རྣམས། རང་བཙན་ཡོད་པའི་རྒྱལ་ཁབ་ཀྱི་གསར་འགོད་པ་དང་གཅིག་པ་མིན་ཞེས་བཤད་པ་བཞིན། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་དག་ཀྱང་རང་བཙན་ཡོད་མཁན་དང་ཕྱོགས་ཡོངས་ནས་འདྲ་ཐབས་མེད། བརྒྱུད་ལམ་ཁག་དེ་དགོས་དུས་ཀྱི་ཞྭ་དང་མི་དགོས་དུས་ལྷམ་ཟེར་བ་བཞིན་བྱས་ན་འོས་འཚམ་ཞིག་མིན་མོད། མདོར་ན་མང་གཙོའི་སྤྱི་ཚོགས་ནང་གསར་འགོད་པའི་ཀུན་སྤྱོད་དང་རང་དབང་ལ་ཚད་བཀག་མེད་པ་ཞིག་གཏན་ནས་མིན་ན། ཁྲིམས་ཀྱིས་སྟངས་འཛིན་མེད་པ་ཞིག་དེ་བས་ཀྱང་མིན། རྩ་དོན་ལ་གནོད་ཚབས་ཆེ་བའི་གནས་ཚུལ་རིགས་གཟིགས་ཚེ། ཁྲིམས་གཏུག་གནང་དགོས་པ་གལ་ཆེ་བ་ལས། དེ་ལྟར་མ་བྱས་པར་རྒྱུག་པ་ལེབ་རྡུང་དང་སྤྱི་མ་སྤོམ་གྱི་སྐད་ཆ་སྦོམ་པོ་རེ་གྲོས་ཚོགས་སུ་བཤད་བཞག་ན། སྤྱི་འཐུས་རྣམ་པས་སྤྱི་དོན་ལ་འགན་མ་ཁུར་བ་ཞིག་ཏུ་གྱུར་པ་རེད།།