ལྷོ་མཐར་བསྐྱོད་པའི་སྙན་ངག (དང་པོ)
༅། །ལྷོ་མཐར་བསྐྱོད་པའི་སྙན་ངག (དང་པོ)
༈ ཙན་དན་སྡོང་པོའི་འོག་ན།
1.གནམ་ས་གཉིས་ཀྱིས་ལག་ལྡང་སྦྲེལ་བ་འདི། །
མཛའ་མཐུན་གཉིས་ཀྱི་མ་དཔེ་དག་མ་ཡིན། །
འཚོ་བའི་འདབ་མ་ཁྱིམ་ལ་རྒྱས་པ་འདིས། །
སྦས་ལུང་ལྐུགས་པ་བོད་མིས་བསྟོད་སར་གྱུར། །
2.ང་དགུའི་སྡུག་ལོ་འོག་ནས་མཆོང་པ་ཡི། །
བགྲེས་སོང་བྱས་པ་ཅན་གྱི་རྨི་ལམ་ཁྲོད། །
ཁ་བའི་འདབ་མ་རེ་རེ་སྤུར་བ་ན། །
ལོ་རྒྱུས་གསོན་པོ་མིག་ཆུའི་ཀློང་ན་འདྲེས། །
3.ས་མཐའི་མི་ཐོག་དང་པོའི་རྡོག་རྗེས་རྣམས། །
ནུབ་ཀྱི་ཕྱོགས་ནས་གླེང་འགོ་ཚུགས་པ་ན། །
སྣུམ་པོའི་ཞག་ཞིག་གྲོང་ཚོ་འདི་ན་འཕོས། །
ཁ་དོག་སྐྱ་བོ་གདོང་ལས་ཡལ་འགོ་ཚུགས། །
4.ད་ལྟའི་གསར་རྒོད་ཁྱུ་ཡི་ཐུ་འོག་ན། །
ཁ་བའི་རྣམ་ཤེས་སྨུག་པའི་ནང་ཐིམ་ཀྱང་། །
ཞེ་དང་རུས་ཚིགས་བཟང་པ་ཁག་ཅིག་ནི། །
མཐོན་པོ་བོད་ཀྱི་སྤོབས་པའི་རྒྱུ་རུ་གྱུར། །
5.རེ་སྨོན་ལག་གིས་སྐྱོར་བའི་བྱིས་པ་དང་། །
མིག་ཟུང་བྱང་ལ་ཕྱོགས་པའི་ལོ་ལོན་གཉིས། །
སྒྲ་བསྒྱུར་ལོ་ཙ་དགོས་པའི་དུས་ཚིགས་འདི། །
ཕ་སྐད་དམར་གསོད་གཏོང་པའི་ཚེས་ཤར་ཡིན། །
6.ཡུལ་མི་གཉེན་སྒྲིག་བྱེད་པའི་ཆིག་སྒྲིལ་དང་། །
ཞིང་ས་ནགས་ལ་བསྒྱུར་བའི་གསར་གཏོད་དེ། །
རྒྱ་ཕྲུག་གཡོག་ལ་བཀོལ་ནས་འཚོ་བ་གསུམ། །
བཀའ་ཤག་གསར་པའི་སྲིད་ཇུས་ཡིན་སྣང་མེད། །
7.ཁ་སྟབས་གཞན་ལ་བཅོལ་བའི་གྲལ་འགོ་ནས། །
གསར་འབྱོར་གནས་ཆོག་མིན་པའི་ནང་ཁྲིམས་དང་། །
རྒྱ་བལ་དངུལ་ཅན་བསུ་བའི་ལམ་ལུགས་འདི། །
གཞིས་བྱེས་བོད་མི་གྱེས་པའི་ཁུག་མགོ་ཡིན། །
8.འགྲོན་པོས་གནས་ཁང་འཚོང་པའི་གཤིས་རྒྱུད་དང་། །
འབྲུ་ས་དངུལ་དང་བརྗེ་བའི་ཡོ་ལངས་འདི། །
གནས་པོས་ཚོར་ན་ཁྲེལ་བའི་གཞི་མ་དང་། །
ནང་ཁུལ་བསམས་ན་ངོ་གདོང་ཚ་ས་ཡིན། །
9.ལམ་ངོགས་སྣ་མང་ཚོང་གི་འདུ་ལོང་ཁྲོད། །
འཕྲུལ་རྟའི་སྒྲ་དབྱངས་གྱེན་དུ་མཐོ་བ་དང་། །
མཛེས་མའི་ངོ་གདོང་དཀར་ལ་དམར་འཁྱིལ་ཡང་། །
དགོན་པའི་འདབས་ན་སྐུ་འགྲོན་མང་བས་ཡིན། །
10.ཧོབ་དེ་བལྟས་ན་ཡར་རྒྱས་གྲངས་མང་ཞིང་། །
ཞིབ་ཀྱིས་དཔྱད་ན་གོད་ཆགས་སྣ་མང་པའི། །
མ་འོངས་ད་ལྟ་གཉིས་ཀྱིས་འགྲན་ས་འདིར། །
སྡོམ་ཞིག་བརྒྱབ་ན་སེམས་པ་གྲང་ཤུམ་ཤུམ། །
:གནམ་ས་གཉིས་ནི། རྣམ་གྲོལ་གླིང་དང་སེ་ར་ཞེས་པའི་རྣམ་སེ་གཉིས་སྒྲ་མཚུངས་ཆ་ནས་བསྡུས་པའོ།
:སྦས་ལུང་ལྐུགས་པ་ནི་Bylakuppe ཞེས་པའི་ལྷོ་ཕྱོགས་ཀྱི་རྫོང་ཞིག་གི་མིང་ཡིན་ལ། ཡུལ་མའི་སྒྲ་གདངས་ཐོན་པའི་ཐོག་བོད་ལུགས་སུའང་མིང་དོན་ལྡན་པ་ཞིག
༅། །ལྷོ་མཐར་བསྐྱོད་པའི་སྙན་ངག
༈ ཙན་དན་སྡོང་པོའི་འོག་ན་ཞེས་པའི་ཟུར་བཤད།
1.“གནམ་ས་གཉིས་’’(རྣམ་གྲོལ་གླིང་དང་སེ་ར་ལ་གོ) ཀྱི་འདས་པའི་འཆམ་འཐུན་གྱི་ལོ་རྒྱུས་འདིས་ཡུལ་འདི་དང་བོད་མའི་སྤྱི་ཚོགས་སུ་ཆོས་ལུགས་འཆམ་མཐུན་དང་མི་རིགས་མཛའ་འབྲེལ་གྱི་ཡང་དག་པའི་མིག་དཔེ་བསྟན་ཡོད་ལ། གདན་ས་དེ་གཉིས་དང་། གཞིས་མི་རང་རང་གི་བརྩོན་ཤུགས་དང་མཐུན་འབྲེལ་ལ་བརྟེན་ནས་ “སྦས་ལུང་ལྐུགས་པ”(bylakuppe གཞིས་ཆགས་གསར་རྙིང་གཉིས་ཡོད་པའི་བོད་མིའི་གཞིས་སྒར་ཞིག)འི་འཚོ་བ་དང་གནས་སྟངས་ནི་གཞིས་ཆགས་གཞན་ལས་ཡར་རྒྱས་ཀྱི་རྣམ་པར་ཐོན་ཡོད་པ་ལྟར་བསྔགས་བརྗོད་ཀྱང་ཐོབ་མྱོང་ཡོད།
2. ༥༩ ལོར་བཙན་བྱོལ་དུ་ཕེབས་པའི་རྒན་ཁོག་ཚོས་དགྲ་བོའི་མནར་གཅོད་རྣམས་ཁ་སང་གི་གནས་ཚུལ་བཞིན་སེམས་ལ་ཉར་ནས་ནམ་ཡང་རང་ཡུལ་ལ་ལོག་རྒྱུར་དམིགས་བཞིན་ཡོད་ཀྱང་། མི་ལོ་༥༣་རྗེས་ཀྱི་བོད་པ་དང་བོད་ཡུལ་ནི་ད་དུང་འདི་ལྟར་ལུས་ཡོད་པ་ཚོར་ཐེངས་རེར། ཁོང་ཚོའི་མི་ཚེ་ནི་མིག་ཆུའི་ནང་ནས་ཟད་ཀྱིན་འདུག
3. “ས་མཐའི་མི་ཐོག་དང་པོ”(བཙན་བྱོལ་དུ་སྐྱེས་པའི་མི་ཐོག་དང་པོ་ལ་གོ) གཞུང་དང་དགོན་སྡེ། ད་དུང་རང་གི་འབད་བརྩོན་གྱིས་ཁོང་ཚོ་ཕྱི་རྒྱལ་ཁག་ཏུ་འབྱོར་རྗེས།(ལོ་རབས་བརྒྱད་ཅུ་དགུ་ཅུ་ནང་) གཞིས་ཆགས་ཀྱི་ཡ་ང་བའི་འཚོ་སྟངས་དག་ཡིད་ལ་བསམས་ནས་ཉིན་མཚན་ལྟོས་མེད་དཀའ་སྤྱད་བྱས་འབྲས་ཀྱི་སྒོར་མོ་རྣམས། ཕྱིར་ནང་མི་ཚོར་བཏང་འགོ་ཚུགས་དུས། གཞིས་ཆགས་ཁག་གི་འཚོ་བ་ལེགས་ཕྱོགས་སུ་བསྐྱོད་ནས་ཚང་མའི་གདོང་པའང་སྣུམ་ཤིག་ཤིག་གྱུར།
4. བྱེས་ཀྱི་མི་ཐོག་གཉིས་པ་ནི་གཞིས་ཆགས་ཀྱི་འཚོ་བ་ཡར་རྒྱས་ལ་ཕྱོགས་པའི་ནང་དུ་འཚར་ཡོད་ལ། སྔོན་མའི་ཕ་མ་ཚོས་སྐད་ཡིག་གི་དཀའ་ངལ་ལ་ཞེད་ཐག་ཆོད་ནས་ཁོང་ཚོར་གཞན་གྱི་སྐད་ཡིག་ལ་སྦྱར་ཆེ་སོང་པའམ། ཁོར་ཡུག་གམ། གོམས་སྲོལ། ད་དུང་མི་སྤུས་སོགས་གང་ལྟར་ཁོང་ཚོའི་བོད་སྐད་ཀྱང་བསྲེས་སྐད་ཡིན་ལ། བོད་ཡིག་ནི་ཐར་རེ་ཐོར་རེ་རེད། དེ་བཞིན་བོད་ནང་གི་གནས་སྟངས་དང་། རང་རིགས། ད་དུང་རིག་གཞུང་ཟེར་བ་རྣམས་གལ་ཆེན་མི་བལྟ། འོན་ཀྱང་བཤད་སྟངས་འདི་ཡུག་འགེབ་བྱས་མེད་ལ། ཞེ་རུས་ཅན་གྱི་གསར་སྐྱེས་ཁག་ཅིག་ནི་སྐད་ཡིག་གཉིས་གསུམ་གྱི་བདག་པོ་ཡིན་ཁར། དགྲ་ལག་ཏུ་ཡོད་པའི་ཕ་སར་བཙན་གྱིས་འཛུལ་ནས། རང་སའི་བཀོད་པ་དང་། རང་རིགས་ཀྱི་གནས་སྟངས་འཚོལ་གྱིན་པ་སོགས། རིག་གཞུང་སྲོག་ཏུ་བཟུང་སྟེ་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་མདུན་མཆོང་གནང་གིན་ཡོད།
5. བྱེས་ཀྱི་མི་ཐོག་གསུམ་པ་ནི་ ༥༩ ལོ་ཕ་ས་ནས་ཕེབས་པ་དག་གི་ཡང་ཚ་ཡིན་ཞིང་། ཁོང་ཚོས་རེ་བ་དང་སྨོན་ལམ་མང་པོ་ཞིག་གིས་ངའི་ཚ་བོ་དང་། ངའི་ཚ་མོ་ཟེར་ནས་ལག་པས་སྐྱོར་ཏེ་སྒོ་ཁ་ནས་སྐྱེལ་བསུ་བྱེད་ཀྱིན་ཡོད། མཚམས་རེར་༥༩ ལོའི་སྡུག་སྦྱོང་མནར་གཅོད་དག་ནན་ཏན་གྱིས་འཆད་ཀྱིན་ཡོད་མོད། ཉན་མཁན་དག་བྱོལ་གྱིན་པ་འདིས་མིག་ཆུ་མེད་པའི་ངུ་སྐད་རེ་རྒྱག་བཅུག་གིན་ཡོད་ལ། མི་རབས་གསུམ་པའི་ལྕེ་ཐོག་ན་ཕ་སྐད་གཙང་མ་ཞིག་མེད་པ་འདིས་ཁོ་ཚོར་སྤོབས་པ་གཏན་ནས་རག་གིན་མེད། དེ་བཞིན་ཁོང་ཚོའི་བར་གནས་ཚུལ་མང་པོ་ཞིག་གཏན་ནས་གོ་བརྡ་འཕྲོད་ཀྱིན་མེད་པ་འདིས། དྲང་པོ་བཤད་ན། རྒྱལ་ཞེན་ཅན་གྱི་མེས་པོ་ཚོར་འཆི་ཁ་མའི་མནར་གཅོད་རེར་འགྱུར་གྱིན་ཡོད་ངེས་རེད་ལ། འདི་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་ལ་མཚོན་ན་ཕྱི་དགྲ་མི་དགོས་པའི་རང་གི་རིག་གཞུང་གསོད་པའི་ལག་དམར་རེའང་ཡིན་སྲིད།
6. འདི་བར་རྒྱ་གར་ཡུལ་མི་དང་ལྷན་གཉེན་སྒྲིག་བྱེད་མཁན་ཡོང་གིན་ཡོད་ལ། འདིའི་རྒྱ་གར་དག་ནག་རིལ་ཡིན་པ་ལྟར་བོད་ཕྲུག་ནག་ནག་ཀྱང་ཡོང་གིན་ཡོད། དེ་མིན་མགོ་སེར་དང་ད་དུང་མི་རིགས་གཞན་པའང་ཉུང་ཉུང་མིན་པ་བཞིན་བོད་མི་མགོ་སེར་ཡང་ཡོད། དེ་བཞིན་ཉེ་བའི་ལོ་ཤས་ནས་ཞིང་ས་ཤིང་ནགས་སུ་བསྒྱུར་བའི་འུར་ལངས་ཁྲོད་དེང་སང་གཞིས་ཆགས་གསར་རྙིང་གཉིས་ཆའི་ནང་དར་སྲོལ་ཆེན་པོར་ཆགས་འདུག་ལ། མང་པོ་ཞིག་གིས་ཡུལ་མི་ལ་ཞིང་ཁ་བོག་མ་བཏང་ནས་དེང་སང་བོད་མི་ཞིང་ལས་བྱེད་མཁན་ནི་བརྒྱ་ཆ་སུམ་ཅུའི་འོག་ལ་སོང་ཡོད་པའི་སྟེང་རྙོག་དྲའང་རིམ་གྱིས་མང་རུ་འགྲོ་བཞིན་ཡོད། ད་དུང་འདི་གའི་ནང་མི་མང་ཤོས་ཀྱིས་གཡོག་པོ་གཡོག་མོ་འཁོལ་གྱིན་ཡོད་ལ། སློབ་ལོའི་ཡུལ་མི་མང་པོ་ཞིག་བྲན་དུ་ཉར་སྲོལ་ཡོད་པ་ལྟར་ཁྲིམས་མཐུན་མིན་པའི་གནས་སྟངས་དེའི་འོག་ནས་བོད་མིར་ཉེས་ཆད་མང་པོ་ཞིག་ཁེལ་གྱིན་པ་དང་རྙོང་གླེང་ཀྱང་ཆད་ཀྱིན་མེད། གནས་སྟངས་འདི་གསུམ་ད་ལྟའི་སྐབས་གསུམ་པའི་བཀའ་ཤག་གིས་བཤད་པའི་ཆིག་སྒྲིལ། གསར་གཏོད། རང་ཁ་རང་གསོ་ཞེས་པའི་སྲིད་ཇུས་གསུམ་པོ་ནི་ཡིན་དོགས་མེད།
7. སྐྱབས་བཅོལ་སྔོན་མ་ཚོ་རང་བརྩོན་དང་གཞུང་དྲིན་འོག་ཁང་ཞིང་ཏག་ཏག་རག་ཡོད་ལ། མི་ལོ་༥༣ ནང་ཁྱིམ་གཞིས་ཀྱང་འགྲིག་པོ་བྱུང་ཡོད། དེང་སང་འདི་གའི་གཞིས་ཆགས་གསར་པ་དང་གྲོང་སྡེ་འགའི་ནང་གསར་འབྱོར་འཇོག་མི་ཆོག་པའི་ནང་ཁྲིམས་བཅས་ཡོད་སྐད། བལ་པོ་དང་རྒྱ་གར་བ་འགའ་ལ་གཞིས་ཆགས་ཀྱི་ས་ཁང་འཚོང་པ་དང་། ཁོང་ཚོས་གཞིས་ཆགས་ནང་ཚོང་ཁང་དང་ཟ་ཁང་། ད་དུང་འགྲོན་ཁང་ཀྱང་རྒྱག་གིན་ཡོད་པའི་ཁར། གཞང་ཚོང་མའི་རྙོག་གླེང་འོག་ཉེན་རྟོག་པའང་སླེབས་རབས། གསར་རྙིང་གི་བཙན་བྱོལ་པ་གཉིས་ནི་སྐྱབས་བཅོལ་གྱི་གྲལ་རིམ་གཅིག་པའི་སྤུན་ཟླའང་ཡིན་ལ། འདིའི་ནང་ཁུལ་གྱི་ད་ལྟའི་ལྟ་སྟངས་དག་ནི། གཞིས་བྱེས་བོད་མའི་བར་གྱི་སེམས་ཐག་རྒྱང་ལ་འབྱེད་པའི་འགོ་ཁུངས་འགྱུར་སྲིད། རྒྱུ་མཚན་ནི། ད་ལྟའི་གསར་འབྱོར་ནི་ད་ལྟའི་གཞིས་མི་རྣམ་པའི་ནང་ཚང་ནས་ཐོན་པའི་སེམས་ཀྱི་གཅེས་ཕྲུག་དང་ཤ་རུས་ཀྱི་ཉེ་ས་གཙོ་བོ་ཞིག་ཡིན་པས་སོ།
8. ད་ལྟའི་གཞིས་སྒར་ཁག་ནི་རྒྱ་གར་གཞུང་གིས་ང་ཚོའི་སྡུག་དང་མིག་ཆུའི་ལོ་ཟླའི་སྐབས་སྙིང་རྗེའི་ངང་གཡར་བ་ཞིག་ལས་འ་ཆད་འུ་ཐག་གིས་སྤྲད་པ་ཞིག་མིན། སྐབས་དེ་དུས་ཀྱི་རྒྱ་གར་ནི་ང་ཚོའི་སྐྱབས་གནས་དཀོན་མཆོག་གསུམ་ཆ་ཡིན། འོན་ཀྱང་ས་ཁང་གཡར་རྗེས་ཀྱི་ལོ་རབས་༥༠ རྗེས། ང་ཚོའི་ཁང་ཞིང་མི་དགོས་པ་མང་པོས་ཁྲིམས་འགལ་ཐོག་ཁ་ཁུ་སིམ་པོའི་ངང་དངུལ་དང་བརྗེ་བཞིན་ཡོད།
གནས་སྟངས་འདི་ཚོ་ཡུལ་མི་དང་གཞུང་གིས་ཚོར་ན་ཅིའི་ཕྱིར་ཞེ་མི་ཁྲེལ་ལམ། དེ་བཞིན་གཞིས་མི་རྙིང་པ་དག་ཡར་རྒྱས་དང་ས་ཆ་གཞན་དུ་ཕེབས་རྗེས། གསར་འབྱོར་བ་རིམ་བྱུང་ལྟར་ས་ཁང་རྙིང་པ་རྣམས་འཐོབ་རྒྱུ་ཡོད་པ་ཞིག་ཡིན་ན་ཅི་འདྲའི་ལམ་ལུགས་རྒྱུ་འབྲས་ཡོད་པ་ཞིག་དང་། འཆར་གཞི་ཡོད་པ། དེ་བཞིན་ཆ་སྙོམས་ཀྱི་འཚོ་བ་ཞིག་རེད་དེ། བོད་མའི་གཞུང་ཕྱོགས་ནས་སྟངས་འཛིན་དོ་ནན་མེད་པ་དང་། སྒེར་གྱི་སྐབས་འཚོལ་གནང་སྟངས་འདི་དག་གིས་སྤུན་ཟླ་ནང་ཕན་ཚུན་བར་ཡིད་ཆེས་དང་བཟང་སྤྱོད་མེད་པ། དམ་ཚིག་དང་ལ་རྒྱ་མེད་པ། ད་དུང་གདོང་པས་གདོར་པར་ལྟ་མི་ཐུབ་པའི་ཚོད་ཅིག་བཟོ་བཞིན་འདུག
9. དེང་སང་“སྦས་ལུང་ལྐུགས་པའི་”ཕོ་གསར་ཚོ་འཕྲུལ་རྟ་ཐོན་གསར་ཅན་དང་། ནང་མི་མང་པོ་ཞིག་སྒེར་བདག་འཁོར་ཆུང་car རིགས་འདྲ་མིན་གྱིས་ཡར མར་ཁྱེར་འགྲོ་བ་ལས། གླ་འཁོར་རིགས་དེ་ཙམ་སྤྱོད་མི་དགོས། སྡོད་ཁང་རྣམས་ཀྱང་ཨར་འདམ་ལས་བཟོས་པའི་ཐོག་བརྩེགས་གཉིས་གསུམ་ཅན་གྲངས་མང་པོ་ཡིན། དེ་བཞིན་བུ་མོ་ཚོས་ཀྱང་མཛེས་བཟོ་ཁང་ནས་ཞལ་རས་དེ་དཀར་ལ་དམར་བའི་མདངས་ཆག་པ་ཞིག་བཟོས་ནས་དབུ་སྐྲ་སིལ་སིལ་གློད་དེ་ཐོན་བྱུང་ལ། ཕོ་གསར་རེ་རེའི་སྔུན་ནས་འཕྲུལ་རྟ་རེ་ཞོན་བཞིན་དགོད་འཚེར་འཚེར་ཕེབས་ཀྱིན་འདུག ཁོང་ཚོའི་དགོད་སྒྲ་དག་གྲོང་སྡེ་དང་པོ། གཉིས་པ། གསུམ་པ། བཞི་པ་སོགས་ཀྱི་ནང་ནས་ཆེ་རུ་འགྲོ་བཞིན་འདུག་ལ། དེ་ནི་གྲོང་སྡེ་དེ་དག་གི་ལམ་ངོགས་སུ་ཐོན་གསར་ཚོང་ཁང་དང་ཟ་ཁང་སྤུས་ལེགས་རེ་ཡོད་པས་ཡིན་ཚོད། གང་ལྟར་འདི་དག་གི་རྒྱུ་མཚན་གཙོ་བོ་ཞིག་ནི་དེང་སང་གསེར་གྱི་ལྷ་ཁང་འབོད་པའི་གདན་ས་རྣམ་གྲོལ་གླིང་སོགས་སུ་ཉིན་ལྟར་ཡུལ་སྐོར་སྤྲོ་འཁྱམ་པ་ ༡༠༠༠ ནས་ ༡༠༠༠༠ ཡན་མན་ཡོང་བཞིན་པ་འདིས། བོད་མི་ཚོར་ཚོང་ཁང་དང་ཟ་ཁང་མང་པོ་བཟུང་རྒྱུར་བྱུང་ཡོད་ལ། དེ་དག་གི་ནང་དུའང་ཚོང་ལམ་ཡག་པོ་རྒྱུག་གིན་ཡོད་པས་ཡིན། གང་ལྟར་དགོན་སྡེ་འདི་དག་གི་བྱིན་རླབས་དེ་བུ་མོའི་འཁུར་ཚོས་དང་། ཕོ་སར་གྱི་སྐྲ་ལོ། རྒན་ཁོག་ཚོའི་མི་ཚེ་ནས་བཟུང་ཁྱབ་འདུག
10. དེང་སང་འདི་བར་ཉམས་དགའ་དགའ་རུ་བལྟས་ན་སྡོད་ཁང་དག་རྫིག་ཅིང་། སྡོད་མི་ཚོ་མདོག་བཟང་བས་མ་ཚད། སྒོ་ར་ན་རླངས་འཁོར་ཆེ་ཆུང་མང་བ། ལམ་ཁ་དང་ཚོང་ཟ་ཁང་དག་དྲ་རྒྱས་སྟབས་ཡར་རྒྱས་ལ་ཕྱོགས་ཤིང་མིག་ངོས་ན་མཛེས་པས་སེམས་དགའ་དགའ་ཞིག་ཡོང་མོད། སྐྱེས་འཚར་གྱི་ལོ་ཟླའི་ཁྲོད་ཀྱི་བོད་མི་ཚོའི་ཁོག་པ་དང་ཁ་ལྕེ། ད་དུང་མ་འོངས་པ་སོགས་ལ་གཏིང་རིམ་དཔྱད་སྡུར་བྱས་ན། རིག་གཞུང་ལ་དགའ་ཞེན། མི་རིགས་ལ་བརྩི་འཇོག རང་ཡུལ་ལ་དོ་དབྱིངས། སྐད་ཡིག་ལ་རིན་ཐང་། རྒྱལ་དོན་ལ་གལ་འགང་། སྦྱོང་བརྩོན་ལ་གོམས་སྲོལ། སྲོལ་བཟང་ལ་ཐུགས་སྣང་སོགས་སྲབ་སྲབ་ཅིག་མིན་ནམ་སྙམ་པ་འདྲ་ཡང་། དེ་དག་ནི་འདི་གའི་ངོ་གདོང་གཅིག་པུ་མིན་པ། གང་ན་གནས་པའི་བོད་བྱོལ་བ་མང་ཕྱོགས་ཀྱི་ཕྲག་པར་ཟག་པའི་གདོང་ལེན་གནང་དགོས་སའི་གནས་སྟངས་འཇིགས་ཉེན་ཅན་ཞིག་ཡིན་སྟབས་འདི་ཚོར་སེམས་ངོར་འདྲེན་ཐེངས་རེར་བདེ་སྐྱིད་ཀྱི་ཚོར་བ་རྐྱང་རྐྱང་ཞིག་མི་སྤྲོད།
དགེ་འོས་ཟབ་སྦྱོང་ཚར་ནས་ཡུལ་བྱང་ཕྱོགས་ལ་ཆས་པའི་ལམ་ཞོར་ལྷོའི་རྒྱལ་ས་ཆེན་མོ་bangalore ནས་༢༠༡༢་༩་༡༩ ཉིན་སྤེལ།