ལྷོ་ཕྱོགས་ཁུལ་གྱི་རྐང་སྤོལ་རྩེད་འགྲན་མོན་གྷོར་འཚོགས་བཞིན་འདུག
ཟླ་འདིའི་ཚེས་༡༦ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༡ ༣༠ དང་པོ་ཕྱེད་ཐོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་བོད་མིའི་ན་གཞོན་རྩེད་རིགས་ཚོགས་ཆུང་གིས་གོ་སྒྲིག་འོག་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་ཐེངས་པོ་དངོས་སུ་དབུ་འབྱེད་མཛད་སྒོ་ཞིག་མོན་གྷོ་ས་གནས་གཞིས་གྲོང་གསུམ་པའི་རྩེད་ཐང་གསར་བར་འཚོགས་ཡོད་པ་དང་།
དེ་ཡང་རྩེད་འགྲན་དེའི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་གསེར་ཀོང་མཆོག་སྤྲུལ་རིན་པོ་ཆེ་དང་མོན་གྷོ་ས་གནས་གཞིས་འགོ་བསོད་ནམས་བསྟན་འཛིན་རྣམ་གཉིས་ཀྱི་གཙོས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ལས་ཀྱི་སྣེ་མོ་བ་ཡོངས་དང་གྲྭ་ཚང་དང་གཞིས་གྲོང་ཁག་གི་སྤྱི་མི་ཕྱག་མཛོད་རྣམ་པ་བཅས་སྐུ་མགྲོན་རྣམ་གྱིས་དུང་རྒྱ་སྤོས་སྣེའི་སྔོན་བསུས་ཏེ་༧གོང་ས་སྐྱབས་མགོན་མཆོག་གིས་སྐུ་པར་མཐོང་གྲོལ་རིན་པོ་ཆེ་རྩེད་ཐང་དབུས་ཀྱི་བཞུག་ཁྲིར་གདན་འདྲེན་དང་སྐུ་པར་མདུན་དུ་སྣང་གསལ་མར་མེ་ཞར་འབྱེད་ཞུས་རྗེས་རྩེད་འགྲན་པ་རུ་ཁག་རེ་རེ་བཞིན་ངོ་སྤྲོད་དང་འབྲེལ་རྩེད་ཐང་དུ་རྩེད་འགྲན་པ་དང་ལྟད་མོ་བ་བཅས་མི་མང་མཉམ་འཛོམ་ཐོག་ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་རྗེས། ན་གཞོན་རྩེད་རིགས་ཚོགས་ཆུང་གི་ཚོགས་གཙོ་པ་སངས་ཚེ་རིང་གིས་དེང་ཐོག་མོན་གྷོ་རྩེད་རིགས་ཚོགས་ཆུང་བཙུགས་དགོས་པའི་དམིགས་ཡུལ་དང་རྩེད་འགྲན་པ་བཅས་ངོ་སྤྲོད་གནང་དོན། ན་ནང་རྒྱལ་ཡུམ་ཆེན་མོའི་རྐང་སྤོར་རྩེད་འགྲན་མོན་གྷོ་ས་གནས་སུ་འཚོགས་རྗེས་རྒྱ་གར་ལྷོ་ཕྱོགས་ས་ཁུལ་དུ་རྐང་སྤོར་རྩེད་འགྲན་ཞིག་བཙུགས་ཐུབ་ན་ཡག་པོ་འདུག་ཅེས་ལྷོ་ཕྱོགས་ཁུལ་གྱིས་རྩེད་འགྲན་པ་ཚོས་རེ་འདུན་བཏོན་པ་རེད། ཡིན་ནའང་དེ་ལ་ཆ་རྐྱེན་གསུམ་ཚང་དགོས་པ་རེད། དང་པོ་རྩེད་རིགས་ཚོགས་ཆུང་ཞིག་དགོས་པ་རེད། གཉིས་པ་ལྷོ་ཕྱོགས་ཁུལ་གྱི་རྩེད་འགྲན་པ་ཡོངས་མཉམ་ཞུགས་བྱེད་ཐུབ་མིན་ལ་བསམ་བློ་གཏོང་དགོས་པ་རེད། གསུམ་པ་དུས་ཚོད་ཞིག་དང་སྟབས་བསྟུན་ནས་གཟིགས་མོ་བ་མི་མང་ཞིག་ཡོད་དགོས་པ་རེད། སོང་ཙང་། ད་རེབ་དགེ་འདུན་པ་ཚོའི་དབྱར་གནས་ཀྱི་གྲོལ་མཚམས་དགག་དབྱེ་ཉིན་དྲུག་བདུན་ཞིག་ཡོད་པ་དེའི་གོ་སྐབས་སམ་དུས་ཚོད་དང་བསྟུན་ནས་ང་ཚོས་གོ་སྒྲིག་ཞུས་པ་ཡིན་ཅེས་དང་།
དེ་རྗེས་མོན་གྷོ་ས་གནས་གཞིས་འགོ་བསོད་ནམས་བསྟན་འཛིན་གྱིས་རྩེད་འགྲན་དང་འབྲེལ་བའི་ལམ་སྟོན་གནང་དོན། འབོད་སྐུལ་ཞུ་རྒྱུ་ཞིག་ལ་རྩེད་འགྲན་ནང་མཉམ་ཞུགས་གནང་མཁན་ཡོངས་ཀྱི་རྩེད་འགྲན་གནང་བའི་རིང་ལ་ཕན་ཚུན་དཔུང་ཟུར་འདྲ་ཐུག་ནས་ཏོམ་ཙམ་སྐུ་རླུང་ལངས་སྲིད་པ་ཞིག་རེད། ཡིན་ནའང་རྩེད་མོའི་འདུ་ཤེས་མ་བརླགས་པ་ཞིག་གནང་རོགས། དེ་རིང་འདིར་ཕེབས་པའི་རྩེད་འགྲན་པ་ཚོ་ཐོབ་ཤོར་གྱི་ཆེད་དུ་ཕེབས་ཡོད་ཀྱི་མ་རེད་ལ། རྩེད་འགྲན་འདིའི་ནང་མཉམ་ཞུགས་བྱས་ན་མི་སྒེར་དང་སྤྱི་ཚོགས་བཅས་སུ་མཐུན་ལམ་ཡག་པོ་ཡོང་རྒྱུའི་ཀུན་སློང་བཟང་པོ་ཞིག་ཁུར་ནས་སླེབས་པ་ཡིན་ན་རིན་ཐང་ཆེན་པོ་རེད་ལ། དེ་ལྟ་བུའི་ཀུན་སློང་གཙང་མ་ཁུར་ནས་རྩེད་འགྲན་ནང་མཉམ་ཞུགས་གནང་རོགས་ཅེས་གསུངས་སོང་།
དེ་ནས་སྐུ་མགྲོན་གཙོ་བོ་གསེར་ཀོང་མཆོག་སྤྲུལ་རིན་པོ་ཆེས་རྩེད་འགྲན་དང་འགྲེལ་བའི་བཀའ་སློབ་ལམ་སྟོན་གནང་དོན། རྒྱ་གར་ལྷོ་ཕྱོགས་ཀྱི་རྐང་སྤོར་རྩེད་འགྲན་ཐེངས་དང་པོ་དེ་ཡིན་པ་རེད། ང་རང་ཡིན་ནའང་རྒྱ་གར་ལྷོ་ཕྱོགས་ནས་ཡིན། ཁྱེད་རང་ཚོ་ཀྱང་རྒྱ་གར་ལྷོ་ཁུལ་གྱི་རྩེད་འགྲན་པ་ཡིན་པ་རེད། སོང་ཙང་སེམས་ནང་ཚོར་བ་སྐྱིད་པོ་འདྲ་ཞིག་བྱུང་། རྩེད་རིགས་འཐུས་མི་གཉིས་ང་འབོད་དུ་ཕེབས་སོང་། བླ་མ་གྲྭ་བ་དང་མི་མང་ཚོའི་དབར་ཕན་ཚུན་མཐུན་ལམ་མཛའ་འབྲེལ་ཡག་པོ་ཞིག་མཐོང་ནས་བཅར་བ་ཡིན། རྩེད་འགྲན་པ་དང་སེར་སྐྱ་ཚང་མ་དེ་རིང་འདིར་ཕེབས་པ་རེད། ཚང་མ་ཐུགས་སྤྲོ་བོ་གནང་རོགས། གཞན་ཡང་ཁྲིམས་སྒྲིག་ག་རེ་ཡོད་པ་དེ་ཚོ་རྩི་སྲུང་གི་ཐོག་རྩེད་མོ་རིང་གི་རྣམ་པའི་ཐོག་ནས་སེམས་ཤུགས་དང་སྤོབས་པ་བཅས་ཁུར་ནས་རྩེད་མོའི་འདུ་ཤེས་ཐོག་འགྲོ་ཐུབ་པ་གནང་རོགས། རྒྱག་རེས་བྱས་བསྡད་པ་ཡིན་ན་བོད་མི་རིགས་ཀྱི་ཡ་རབས་སྤྱོད་བཟང་དང་༧གོང་ས་མཆོག་གིས་བཀའ་དགོངས་དང་འགལ་འགྲོ་གི་ཡོད་པ་རེད། ལྷག་པར་དུ་རྩེད་མོ་རྩེ་མཁན་རྣམ་པའི་ངོས་ནས་ཀྱང་ཐོབ་ཤོར་གལ་ཆེན་དུ་མི་རྩི་བར་ལུགས་མཐུན་ཀྱིས་རྩེད་མོ་རྩེ་རྒྱུ་དང་གོ་སྐབས་ལེགས་པོ་འདི་ཆུད་གཟོས་སུ་མི་གཏོང་བ་ཧ་ཅང་གལ་ཆེན་པོ་རེད། དེ་རིང་གི་རྩེད་འགྲན་འདི་ཡག་པོ་ཡོང་བ་དང་མ་འོངས་པ་ཡིན་ནའང་འཛམ་གླིང་རྐང་སྤོར་རྩེད་འགྲན་ནང་བོད་པ་ཚོ་མཉམ་ཞུགས་ཐུབ་པའི་རེ་བ་དང་སྨོན་ལམ་ཡོད་ཅེས་སོགས་གསུངས་སོང་། ཐེངས་འདིའི་རྐང་སྤོར་རྩེད་འགྲན་ཉིན་༧ རིང་རྩེ་རྒྱུ་ཡིན་པ་དང་། རྩེད་འགྲན་ནང་མཉམ་ཞུགས་བྱེད་མཁན་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་རུ་ཁག་བརྒྱད་ཡོད་འདུག