ཁམས་འབའ་ཐང་མཚོ་བྱང་གྲོང་དུ་བོད་མིར་རྒྱ་མིས་ཉེས་རྡུང་།

བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་དོན་ལ། ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་འབའ་ཐང་རྫོང་། མེ་ཏོག་ཤང་མཚོ་བྱང་ལུང་གྲོང་སྡེར་རྒྱ་མིའི་དམག་མི་དང་། ཉེན་རྟོག་པ་༣༠༠ ཙམ་འབྱོར་ཏེ་བོད་མི་ཕོ་མོ་རྒས་གཞོན་མཐོང་ཚད་ལ་གང་བྱུང་གཅར་རྡུང་གིས། བོད་མི་ ༢༥ ཙམ་ལ་རྨས་སྐྱོན་ཚབས་ཆེན་ཕོགས་ཡོད་པ་དང་།

སྡེ་དཔོན་དང་སྡེ་དཔོན་གཞོན་པ་གཙོས་བོད་མི་ ༢ རྒྱ་ནག་ཐན་ཆོན་གྲོང་ཁྱེར་གྱི་སྨན་ཁང་དང། བོད་མི་༦ རྒྱ་ནག་ཁོན་མིན་གྲོང་ཁྱེར་ཀྱི་སྨན་ཁང་དུ་བསྐྱལ་དགོས་བྱུང་བ་དང་། མི་མང་པོའི་རྐང་ལག་བཅག་པ་སོགས་རྨས་སྐྱོན་ཚབས་ཆེན་ཐེབས་ཡོད་འདུག

དེ་ཡང་གནས་ཚུལ་བྱུང་རྐྱེན་གཙོ་བོ་ནི། ལོ་གསུམ་ཙམ་གྱི་སྔོན་དུ་རྒྱ་ནག་གི་ཚོང་དཔོན་ཞིག་ནས་འབའ་ཐང་རྫོང་མེ་ཏོག་ཤང་གསུམ་མདོ་ནས་མཚོ་བྱུང་ལུང་བར་གྱི་ལྷ་ལ་རིར་དོང་བརྐོས་ཏེ་ཆུ་གློག་ཆེན་པོ་ཞིག་རྒྱག་འགོ་བཙུགས་ཡོད་པ་དང། ལས་གྲྭ་དེའི་ཆེད་བོད་མིའི་ས་ཞིང་མུའུ་ ༣༠༠ ཙམ་བཙན་བཟུང་བྱས་ཏེ་ཡུལ་མི་ཚོར་གུན་གསབ་སྤྲད་མེད་པ་མ་ཟད། མི་མང་གིས་ཞུ་གཏུག་ཐེངས་མང་བྱས་ཀྱང་གྲུབ་འབྲས་གང་ཡང་ཐོན་མེད་སྟབས། ད་ལོའི་ལོ་གསར་སྔོན་ཙམ་དུ་ཡུལ་མི་ཚོས་རྒྱ་མིའི་ལས་གྲྭ་བཀག་སྟེ་ཕན་ཚུན་འཁྲུག་རྩོད་བྱུང་ཡོད་པ་དང། རྒྱ་མིས་ཀྱང་ལོ་གསར་རྗེས་གུན་གསབ་སྤྲོད་རྒྱུ་ཡིན་ལུགས་བརྗོད་འདུག

སྤྱིར་འབའ་ཐང་རྫོང་མཐིལ་དུ་ས་ཞིང་མུའུ་རེར་རྒྱ་སྒོར་ ༡༦༠༠༠༠  ཙམ་ཡིན་ཡང། མང་ཚོགས་ནས་མཚོ་བྱང་ལུང་ཅུང་གྲོང་གསེབ་ཡིན་སྟབས་ས་ཞིང་མུའུ་རེར་ཉུང་མཐར་རྒྱ་སྒོར་ ༨༠༠༠༠ རེ་དགོས་པའི་དགོས་འདུན་བཏོན་འདུག་ཀྱང། ལོ་གསར་རྗེས་སུ་རྒྱ་མིས་ས་ཞིང་མུའུ་རེར་རྒྱ་སྒོར་ ༢༨༠༠༠ མ་གཏོག་སྤྲད་རྒྱུ་མིན་ལུགས་དང་། དེ་ལྟར་མ་བྱས་ན་གང་དུ་གཏུག་ནའང་གཏུག་ཤོག་ཅེས་རྣམ་འགྱུར་མཁྲེགས་པོ་བསྟན་ནས་ད་བར་ལྷག་འདུག

ཁ་སྔོན་ཕྱི་ཟླ་ ༩ ཚེས་ ༡༦ ཉིན་མཚོ་བྱང་གྲོང་སྡེའི་མང་ཚོགས་ཚང་མ་འཛོམས་ནས། རྒྱ་མིས་ས་ཞིང་གི་གུན་གསབ་ད་དུང་མ་སྤྲད་ན། ལས་གཞི་མུ་མཐུད་འགྲོ་འཇུག་རྒྱུ་མིན་ཞེས་ཞུ་གཏུག་བྱས་སྐབས། རྫོང་ནས་དཔོན་པོ་དང་དམག་མི་ཕོན་ཆེན་ཁྲིད་དེ། ཐོག་མ་ཕན་ཚུན་འདུམ་སྒྲིག་བྱ་རྒྱུ་ཡིན་ཚུལ་གྱི་མང་ཚོགས་ཚོ་ཁག་གཉིས་སུ་བགོས་པ་དང། དེ་ནས་མང་ཚོགས་རྣམས་རང་སར་སྡོད་བཅུག་མ་ཐག དམག་མིས་གློ་བུར་གློག་རྒྱུག་དང་མེ་མདའི་མཇུག་ཤིང་གིས་གང་བྱུང་གཅར་རྡུང་བཏང་སྟེ། ལོ་ན་བདུན་ཅུ་ལྷག་གི་རྒས་ཁོག་དང། བུད་མེད་མང་པོ་ལང་རྨས་སྐྱོན་ཚབས་ཆེན་ཕོག་སྟེ། ད་ལྟ་གྲོང་སྡེ་ཡོང་རྫོགས་རྒྱ་དམག་གི་བསྐོར་བའི་ཛ་དྲག་འོག་གནས་ཡོད་འདུག །
འབའ་བ་སྐལ་བཟང་རྒྱལ་མཚན་གྱིས་གནས་ཚུལ་མཁོ་སྤྲོད་ཞུས།