༧གོང་ས་མཆོག་གི་བཀའ་སློབ་དེ་འཐེན་འཁྱེར་གྱི་ལག་ཆར་སྒྱུར་མི་རུང་།

ཆོས་ཉིད་འོད་ཟེར།    དྷ་ས།
དེང་སྐབས་བོད་པའི་སྤྱི་ཚོགས་ནང་བོད་རང་བཙན་ཞེས་པའི་ཚིག་དེ་ལས་འཕྲོས་པའི་ཆབ་སྲིད་ཀྱི་ལྷགས་པ་ཕྱོགས་གང་སར་རྒྱུ་བཞིན་འདུག་ལ། དེ་ཡང་རང་བཙན་བཤད་མཁན་ནི་༧གོང་ས་མཆོག་གི་བཀའ་དང་འགལ་ལུགས་དང་།

ལམ་དབུ་མའི་སྲིད་ཇུས་ལ་གནོད་སྐྱོན་ཡོད་སྐོར་བརྗོད་བཞིན་པ་མ་ཟད། རང་བཙན་ཚོགས་འདུར་ཞུགས་མཁན་གྱི་སྤྱི་འཐུས་ཚོ་དགོངས་པ་ཞུ་དགོས་པའི་གླེང་སློང་དང་། ཚོགས་སྡེ་རེ་ཟུང་གིས་སྤྱི་འཐུས་རྒྱུན་ལས་ནང་ཡི་གེ་ཡང་གཏོང་གི་ཡོད་པ་རེད།

བཙན་བྱོལ་སྤྱི་ཚོགས་སུ་ནང་མ་མཐུན་པའི་གནས་ཚུལ་ཆུང་ཙག་རེ་བྱུང་སྐབས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རེ་ཟུང་གིས་འཆམ་མཐུན་གྱི་ཚིག་སྙན་བསྒྲགས་ཏེ། ནང་ཁུལ་དུ་དགྲ་དང་གཉེན་གྱི་དབྱེ་འབྱེད་ཤུགས་ཆེ་དྲགས་མེད་དམ་སྙམ་པའི་དོགས་པ་ཡོང་གཞིར་གྱུར་འདུག སྔོན་མ་བཙན་བྱོལ་ནང་ཚོ་ཁག་བཅུ་གསུམ་གྱི་རྙོག་གྲ་ཞེས་པ་དང། ཆུ་བཞི་སྒང་དྲུག་གི་རྙོག་གྲ་ཞེས་པའི་ཁམས་པ་ཁ་འཐོར་གཏོང་བའི་རྙོག་གཞིའི་རིགས་བྱུང་མྱོང་འདུག་ལ། དེའི་སྐབས་ཀྱང་ཚོགས་པ་རེ་ཟུང་གིས་འཆམ་མཐུན་ཁ་ལ་ཁྱེར་ཏེ་ཁོང་ཚོར་འབྲེལ་བ་བྱས་ན། བཀའ་དགོངས་དང་མི་མཐུན་སྐོར་བསྒྲགས་མཁན་བྱུང་འདུག སྐབས་དེ་དག་ཏུ་ཆིག་སྒྲིལ་ཚོགས་པ་དང་། གཞོན་ལྷན་ཚོགས་པ། བུད་མེད་ལྷན་ཚོགས་བཅས་ནི་དྷ་སར་མེད་ཐབས་མེད་པའི་ཚོགས་སྡེ་གལ་ཆེན་ཞིག་ཡིན། ཡིན་ནའང་དེང་སྐབས་རྙོག་གཞི་དེ་ས་གཞི་རྡུལ་དག་ནམ་མཁའ་གཡའ་དག་ཟིན་ལ། དུས་རབས་གསར་པ་དང་། ཚོགས་པ་ཁག་གི་ཚོགས་མི་ཡང་གསར་པར་གྱུར་ཏེ།  ད་ལྟ་གཞོན་ལྷན་དེ་སྲིད་དོན་པའི་ལག་ཆར་བེད་སྤྱོད་མི་ཐུབ་པར་རང་ཚུགས་ཅན་གྱི་ཚོགས་པ་ཞིག་ཏུ་གྱུར་པས་ཡིན་ནམ། གང་ལྟར་གཞོན་ལྷན་ཚོགས་པ་སྔོན་གྱི་ཚོ་ཁག་བཅུ་གསུམ་ལྟར་ཁེར་རྐྱང་དུ་གཏོང་ཉེན་འདུག དེས་ན་ང་ཚོས་ངེས་པར་དུ་ཤེས་དགོས་པ་ནི་༧གོང་ས་མཆོག་གིས་རླབས་ཆེན་གྱི་བཀའ་སློབ་གནང་བ་ཁག་ནང་ཁུལ་འཐེན་འཁྱེར་གྱི་ལག་ཆར་སྒྱུར་བཅུག་མི་ཉན་པ་དེ་རེད།

༧གོང་ས་མཆོག་གི་བཀའ་སློབ་ལ་དུས་རྒྱུན་ཐུགས་སྣང་གནང་མཁན་ཞིག་ཡིན་ན། ཨི་ཊ་ལིའི་བཀའ་སློབ་དེ་ཕྱི་ཟླ་༦ པའི་ནང་ནས་གནང་འདུག་ལ། དེ་རྗེས་ལ་དྭགས་སུ་བཀའ་སློབ་གནང་བ་རེད། ཡིན་ན་ཡང་དབུས་བོད་མིའི་སྒྲིག་འཛུགས་ནས་བཀའ་སློབ་ཁག་ཕྱོགས་བསྒྲིགས་བྱས་ཏེ། མི་མང་ལ་བཀྲམ་པ་དང་། མང་གཙོའི་དུས་དྲན་ཉིན་སྲིད་སྐྱོང་བློ་བཟང་སེང་གེས་༧གོང་ས་མཆོག་ཐུགས་ཕམ་གནང་དགོས་པའི་གནས་ཚུལ་བྱུང་བ་མ་འགྲིག་སྐོར་གསུངས་མ་ཐག འགའ་ཞིག་སྐབས་དེར་གཉིད་སད་པ་ལྟར་ཛ་དྲག་གི་ངོ་བོར་སྒྱུར་བཞིན་འདུག དངོས་གནས་བཀའ་དགོངས་སྒྲུབ་སྟངས་འདི་འདྲ་ཡིན་ནམ།

གཞོན་ལྷན་གྱིས་བོད་གཞུང་ཕྱིར་བསྡུ་བྱས་སོང་བསྒྲགས་པ་རེད་ཅེས་༧གོང་ས་མཆོག་ལ་སྙན་སེང་ཞུ་མཁན་དེས་ཀྱང་ལན་ཏག་ཏག་ཕུལ་ཐུབ་ཡོད་མེད་དོགས་པ་རེད། གཞོན་ལྷན་གྱིས་བོད་གཞུང་གི་མཚན་བྱང་བརྗེ་བསྒྱུར་སྐོར་ལ་སྤེལ་བའི་གསར་འགོད་གསལ་བསྒྲགས་དང། དེ་བཞིན་གཞོན་ལྷན་གྱི་༢༠༡༡ ཕྱི་ཟླ་༣ ནས་ལྔ་པའི་<<རང་བཙན་དུས་དེབ་>>ཀྱི་རྩོམ་སྒྲིག་པའི་གཏམ་གྱི་ནང་བོད་གཞུང་གི་མཚན་བྱང་རང་སོར་འཇོག་རྒྱུར་དགོས་འདུན་བཏོན་ཡོད་པ་རེད། དེ་ནག་ཉེས་ཅན་ཡིན་ན། ༢༠༡༡ ལོའི་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐོག་མང་མོས་ཀྱིས་བོད་གཞུང་གི་མཚན་བྱང་རང་སོར་འཇོག་དགོས་པའི་དགོངས་ཚུལ་བྱུང་ཡོད་ན། ཚོགས་བཅར་བ་དེ་ཚོ་ཚང་མ་ནག་ཉེས་ཅན་ཡིན་ནམ།

ཡང་ཁག་ཅིག་གིས་རང་བཙན་རྩོད་པ་ནི་༧གོང་ས་མཆོག་གི་དགོངས་གཞི་དང་མི་མཐུན་སྐོར་དང་། དབུ་མའི་ལམ་གྱི་སྲིད་ཇུས་ལ་གནོད་སྐོར་བཤད་ཀྱི་འདུག ༧གོང་ས་མཆོག་གི་སྐུ་ཚབ་ཀྱིས་རྒྱ་ནག་གཞུང་ལྷན་དུ་ཐེངས་མང་གྲོས་མོལ་བྱས་མཐར། ས་གནས་མི་རིགས་རང་སྐྱོང་གི་ཡིག་ཆ་རྒྱ་ནག་གཞུང་ལ་སྤྲོད་སྐབས། ཡིག་ཆ་དེའི་ངོ་བོ་རང་བཙན་ཡིན་སྐོར་བརྗོད་ནས་ངོས་ལེན་མ་གནང་བ་ལས། (༢༠༠༨།༡༡།༡༦ ཉིན་སྐུ་ཚབ་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་སྐབས་གསུངས།) བོད་མི་ཁག་ཅིག་གིས་རང་བཙན་དགོས་ཞེས་ཁྲོམ་སྐོར་བྱེད་ཀྱི་ཡོད་པ་འགྲིག་གི་མི་འདུག་ཅེས་བརྗོད་ཡོད་པ་མ་རེད།

དབུ་མའི་ལམ་གྱི་སྲིད་ཇུས་དེ་གཏིང་ཟབ་དྲགས་པའམ། གང་ལྟར་བོད་མི་མང་གིས་ཤེས་ཁག་པོ་ཞིག་ཡིན་ཚོད་འདུག ཚོགས་པ་ཁག་ཅིག་གིས་དབུ་མའི་ལམ་ངོ་སྤྲོད་ཀྱི་ཟབ་སྦྱོང་ག་ཚོད་སྤྲད་ཀྱང། ཕན་མ་ཐོགས་པར་ད་དུང་ཟབ་སྦྱོང་མང་པོ་གོ་སྒྲིག་བྱེད་བཞིན་འདུག་ལ། དབུ་མའི་ལམ་གྱི་སྐོར་གྱི་ཚོགས་སྡེ་རེ་ཟུང་གི་མཛད་སྒོར་ཡང། མི་ཉིས་བརྒྱ་སུམ་བརྒྱ་ཆེད་དུ་མགྲོན་འབོད་བྱས་ཀྱང་ཡོང་མཁན་དེ་ཙམ་མེད་པས། ཆེད་དུ་སློབ་ཕྲུག་ཚོ་འབོད་འགུག་བྱེད་ཀྱི་ཡོད་པ་རེད། རང་བཙན་ནི་འཐབ་རྩོད་བྱེད་སྟངས་ལ་ཟབ་སྦྱོང་དང་གྲོས་བསྡུར་བྱེད་པ་ལས། རང་བཙན་གྱི་ངོ་བོ་ག་འདྲ་ཡིན་མིན་མི་མང་ལ་ངོ་སྤྲོད་དགོས་པ་ཞིག་རེད་མི་འདུག ད་ལྟ་གནས་སྐབས་ཀྱི་བཀའ་དགོངས་ཁ་ལ་ཁྱེར་ཏེ་“བོད་རང་བཙན་”ཞེས་པའི་ཚིག་དེ་གཞོན་ལྷན་གྱིས་འདོར་ཐུབ་ནའང། བོད་རང་བཙན་ནི་བོད་པའི་སེམས་ཁམས་སུ་རྡོ་ལ་རི་མོ་བརྐོས་པ་བཞིན་ཡོད་ལ། དེའི་ཐོག་ཚོན་གྱིས་ས་གནས་མི་རིགས་རང་སྐྱོང་ག་ཚོད་བྲིས་ཀྱང་རང་བཙན་འདག་རྒྱུ་མེད་པ་ཉག་གཅིག་རེད།

སྤྱི་འཐུས་ནི་གཞུང་གི་ལས་བྱེད་ལྟ་བུ་མ་ཡིན་པར། མི་མང་གིས་སོ་སོའི་ཆབ་སྲིད་ལངས་ཕྱོགས་གང་ཡིན་པ་དེ་གྲོས་ཚོགས་ནང་སླེབས་ཐབས་སུ་འོས་འདེམས་བྱེད་ཀྱི་ཡོད་པ་རེད་ལ། ད་ལྟ་གྲོས་ཚོགས་ནང་དབུ་མའི་ལམ་གྱི་སྲིད་ཇུས་འཛིན་མཁན་དང་། རང་བཙན་གྱི་སྲིད་ཇུས་འཛིན་མཁན་གཉིས་ཀ་ཡོད་པ་དེས་མི་མང་ནང་དུ་ཡང་སྲིད་ཇུས་དེ་གཉིས་ཀ་འདོད་མཁན་ཡོད་པ་གསལ་པོ་མཚོན་ཐུབ། དེས་ན་ཕྱོགས་གཅིག་གི་མི་ཚང་མ་ཕྱིར་ཕུད་གཏོང་དགོས་ཟེར་ན་འཛམ་གླིང་ནང་གི་རྒྱལ་ཁབ་གང་གི་སྲིད་ཇུས་དང་འདྲ་པོ་འདུག

༢༠༠༨ ལོའི་ཕྱི་༤ ཚེས་༡༨ ཉིན་སྐབས་དེའི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་“ྋསྐྱབས་མགོན་རིན་པོ་ཆེས་མང་གཙོའི་ཁེ་དབང་བོད་མི་མང་ཚོགས་ལ་གནང་ཡོད་པ་རེད། མང་གཙོའི་ཁེ་དབང་གི་ནང་ལ་ཆབ་སྲིད་ཀྱི་ལྟ་གྲུབ་མི་འདྲ་བ་ཁུར་རྒྱུ། ཐབས་ལམ་མི་འདྲ་བ་འཛིན་རྒྱུ་དེ་ཚོ་ཚང་མ་མང་གཙོའི་ཁེ་དབང་གི་ནང་ལ་ཡོད་པ་རེད་”ཅེས་དང་། “མང་གཙོ་ཟེར་བ་འདྲ་མི་འདྲ་སྣ་ཚོགས་དགོས་དུས། བོད་རང་བཙན་རྩོད་མཁན། བོད་རང་སྐྱོང་རྩོད་མཁན། རང་ཐག་རང་གཅོད་རྩོད་མཁན་སུ་དང་སུ་ཡིན་ནའང་ྋརྒྱལ་བ་རིན་པོ་ཆེའི་བཀའ་དགོངས་དང་མི་མཐུན་པ་རེད་ལབ་ཐུབ་ཀྱི་མ་རེད་”ཅེས་གསུངས་ཡོད་པ་རེད།

བཀའ་དགོངས་སྒྲུབ་དགོས་ཞེས་སྤྱི་འཐུས་ལྷན་ཚོགས་ཀྱི་ནང་དུ་སྐད་གསང་མཐོན་པོས་སྒྲོག་མཁན་འདུག་ལ། ཚོགས་པ་ཁག་གིས་ཀྱང་སྒྲུབ་རོགས་གྱིས་ཞེས་གསལ་བསྒྲགས་བྱས་ན། དཀའ་ལས་རྒྱག་མི་དགོས་པར་ད་ལྟ་འཚོག་བཞིན་པའི་གྲོས་ཚོགས་ཐོག་བསྒྲུབ་ཐུབ་པ་ཡང་ཁག་ཅིག་ཡོད། དཔེར་ན་བཀའ་ཁྲིས་ཐོག་མའི་དམ་འབུལ་སྐབས་༧གོང་ས་མཆོག་གིས་བཀའ་ཁྲི་ཞེས་པའི་ཐ་སྙད་དེར་“སྲིད་སྐྱོང་”ཞེས་གསུངས་ཡོད་ལ། དེའི་རྗེས་སུ་ཡང་དེ་ལྟར་གསུངས་པ་མ་ཟད། ངས་“སྲིད་སྐྱོང་”ཟེར་གྱི་ཡོད། གྲོས་ཚོགས་ཀྱིས་བཀའ་ཁྲི་ཟེར་གྱི་འདུག་ཅེས་གསུངས་ཡོད་པ་རེད། ད་སྔོན་གྲོས་ཚོགས་ནང་དེའི་སྐོར་ལ་གྲོས་འཆར་ཙམ་བཏོན་མེད་པ་མ་ཟད། ད་དུང་༧བོད་གཞུང་གི་མཚན་བྱང་ལ་“བོད་མིའི་སྒྲིག་འཛུགས་”ཞེས་བཏགས་པར་༧གོང་ས་མཆོག་གིས་མཚན་རྟགས་གནང་ཡོད་ནའང། དེ་བརྗེ་པོ་རྒྱག་དགོས་ཞེས་གྲོས་ཚོགས་ནང་ཁྲིམས་འཆར་བཏོན་པ་རེད། སྐབས་དེར་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་གྱིས་༧གོང་ས་མཆོག་གིས་མཚན་རྟགས་གནང་བ་དེ་རང་སོར་འཇོག་དགོས་ལ། དེ་མིན་ན་བོད་གཞུང་ཞེས་སྔོན་མ་ལྟར་བེད་སྤྱོད་བྱེད་དགོས་ཞེས་ཁྲིམས་འཆར་དེར་དགག་པ་བརྒྱབ་པར་བརྟེན། ༧གོང་ས་མཆོག་གིས་མཚན་རྟགས་གནང་བའི་མིང་དེ་ལྷག་ཐུབ་ཙམ་བྱུང་བ་ལས། བཀའ་དགོངས་སྒྲུབ་རྒྱུ་ཡིན་ཞེས་ལག་པ་གནམ་ལ་འཕྱར་མཁན་ཁག་ཅིག་གིས་མཚན་རྟགས་ཀྱི་དྲོད་མ་ཡལ་གོང་ནས་ནག་བསུབ་ཏུ་གཏོང་གྲབས་བྱས་སོང་། སོ་སོའི་བསམ་ཚུལ་ཐོག་སོང་ན་བཀའ་བཞིན་མ་བྱས་ཀྱང་འགྲིག་པ་དང་། མི་གཞན་གྱི་བསམ་ཚུལ་ལ་མགོ་ལྕག་གཞུ་བྱེད་དུ་བཀའ་བེད་སྤྱོད་བྱས་ན་བཀའ་དགོངས་དང་མཐུན་གྱི་ཡོད་དམ། མི་མང་ཁྲོད་བོད་ཕྱི་ནང་གཉིས་ནང་སྲིད་སྐྱོང་ཞེས་འབོད་མཁན་ཧ་ཅང་མང་ཡོད་པས། གྲོས་ཚོགས་ནས་སྲིད་སྐྱོང་ཞེས་པའི་ཚིག་དེར་བདག་སྐྱོང་མ་བརྒྱབ་ན། བཀའ་ཤག་གི་ངོས་ནས་ཁྲིམས་འཆར་ཁྱེར་སྲིད་པ་རེད།

བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ནི་རྒྱུན་མཐུད་དེ་དཀའ་ལས་རྒྱག་དགོས་པ་ལས། ཉིན་ཤས་རིང་སྐྱོན་བརྗོད་བྱེད་རེས་ཀྱིས་གང་ནས་འགྲིག ཚོགས་སྐྱིད་མཉམ་འབྲེལ་ཞེས་པའི་དྷ་སའི་ཚོགས་པ་བཅུ་གཅིག་གིས་“༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ཡོད་ན། དེར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཁྲིམས་སར་འགྲོ་དགོས་ཀྱང་མཐའ་འཁྱོངས་བྱ་རྒྱུ་ཡིན་སྐོར་”བསྒྲགས་སོང་།(ཚོགས་སྐྱིད་བཅུ་གཅིག་ཡིན་ཞེས་འུར་སྒྲོག་བྱས་པ་ལས། ཟ་ཁང་སྐྱིད་སྡུག་གིས་གསལ་བསྒྲགས་ཐོག་ས་ཡིག་བརྒྱབ་མེད་པ་རེད།) དགའ་བསུ་ཞུ་འོས་པ་རེད། རྒྱ་ནག་ལ་སྐད་འབོད་ཙམ་ཡང་མ་ཕོད་ཀྱང། ནང་ཁུལ་ཆུང་ཙག་རིགས་བྱུང་ན་ཁྲིམས་གང་ལ་གཏུག་རྒྱུ་ཡིན་ནམ། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་གཏུག་ན། མཐའ་མའི་བཅད་ཁྲ་ཁས་ལེན་ཐུབ་བམ། དེ་སྔོན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲ་ལ་ངོས་ལེན་མ་བྱས་པར། ཁྲིམས་ཞིབ་ཁང་རྒྱ་གར་གྱི་ཁྲིམས་ཐོག་སྐྱེལ་མཁན་དང། ཡང་བཅད་ཁྲ་ངོས་ལེན་མ་བྱས་པས། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་ཕྲོགས་པའི་ཉེས་ཆད་ཕོག་མཁན་དེ་འདྲ་ཚོགས་སྐྱིད་བཅུ་གཅིག་ཞེས་པའི་རྒྱུན་ལས་ཀྱི་ནང་དུ་ཡོད།  དེས་ན་༧གོང་ས་མཆོག་གི་བཀའ་དགོངས་ལྟར་བཙུགས་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དེ་བརྩི་མཁན་ཞིག་ཡོད་དམ། བར་ལམ་ནས་ཁྲིམས་གཏུག་བྱེད་མཁན་ཡང་མེད་པ་ཆགས་པ་དེ་ཡང་རྙོག་གྲ་མེད་པ་རེད་དམ། ཁྲིམས་ཞིབ་ཁང་བརྩི་མཁན་མེད་པའི་ཤུགས་རྐྱེན་རེད། སྔོན་མ་ཚོས་མ་བརྩིས་ན་རྗེས་མ་ཚོས་ཀྱང་མི་བརྩི་བའི་ལུགས་སྲོལ་ངན་པ་ཆགས་མི་སྲིད་པ་མ་རེད།
དངོས་གནས་དཀའ་ངལ་ཞིག་འཕྲད་ན་དང་པོར་འབྲོས་མཁན་དེ་བཀའ་དགོངས་ཁ་ལ་ཁྱེར་མཁན་ཚོ་ཡིན་སྲིད་པ་རེད།  སྔོན་མ་ལྷ་སར་ཉེན་ཁ་སླེབས་སྐབས་ཐོག་མ་འབྲོས་མཁན་སུ་ཡིན་དང། གདོང་ལེན་བྱེད་མཁན་སུ་ཡིན་གསལ་པོ་རེད། སྐབས་དེར་སྐུ་འཁོར་དང་མི་ཆེན་རེ་ཟུང་འབྲས་ལྗོངས་སོགས་སུ་སྔོན་ནས་སོང་སྟེ། ལྷ་སའི་ཛ་དྲག་གནས་བབས་ལ་རྒྱང་ལྟ་བྱས་ནས་སྡོད་པ་ལས། དཀའ་ལས་ག་ཚོད་བརྒྱབ་ཡོད་ཀྱང་གསལ་པོ་རེད། དཀའ་ངལ་འོག་རྒྱའི་ཚིག་ངན་ལ་ཚིག་ལན་དང། དམག་མི་ལ་ཁ་གཏད་སུས་བཅག་ཡོད་གསལ་པོ་རེད།

༧གོང་ས་མཆོག་གི་བཀའ་དགོངས་ཞེས་ཉིན་འགའི་རིང་ཉིན་རྒྱུག་མཚན་རྒྱུག་བྱས་ཀྱང་། ལྷག་བསམ་རྣམ་དག་གིས་རྒྱུན་མཐུད་དེ། ལས་དོན་བྱེད་མ་ཐུབ་ན་ཕན་ཐོགས་གང་ཡང་མེད། དངོས་སུ་བོད་དོན་ལས་འགུལ་བ་ཚོས་རྒྱུན་མཐུད་དེ་ལས་འགུལ་འདྲ་མིན་སྤེལ་གྱི་ཡོད་པ་ལས། ཉིན་གཅིག་གི་གསལ་བསྒྲགས་ཙམ་མ་ཡིན་ནོ།། ཟས་བཅད་ལས་འགུལ་ཡང་ཉིན་མང་སྤེལ་དེ་བོད་ནང་གི་མི་མང་ལ་གདུང་སེམས་མཉམ་བསྐྱེད་དང་། རྒྱལ་ཚོགས་ལ་འབོད་སྐུལ། རྒྱ་གཞུང་ལ་ངོ་རྒོལ་བྱས་པ་ནི། ཉིན་འགའི་རིང་དབུ་མའི་ལམ་ངོ་སྤྲོད་ཟབ་སྦྱོང་དང་། ཁྱབ་བསྒྲགས་ཆེད་མཆོད་འབུལ་ཙམ་བྱས་པ་དང་བསྡུར་ཐབས་ཡེ་ནས་མེད།

མཐའ་དོན་ཞུ་རྒྱུར། ཚོགས་པ་བཅུ་གཅིག་ཞེས་པའི་ནང་ནས། དབུས་གཙང་ཆོལ་ཁ་དང་། ཆུ་སྒང་མདོ་སྟོད་ཆོལ་ཁ། མདོ་སྨད་ཆོལ་ཁ། མངའ་རིས་སྤྱི་མཐུན་ཚོགས་པ་བཅས་ཀྱི་ཁོངས་སུ་བོད་མི་ཡིན་ཚད་སྡོད་དགོས་ལ། དེ་ཡང་གཙོ་བོ་མི་མང་གི་སྐྱིད་སྡུག་ཞུ་ས་དང་། མཉམ་འཛོམས་བྱེད་ས་ཡིན་པས། དེའི་ནང་ཆབ་སྲིད་ཀྱི་ལྟ་བ་ལངས་ཕྱོགས་འདྲ་མིན་ལ་ཁ་གཡར་ཏེ། ཆོལ་ཁ་ཁ་འཐོར་གཏོང་བྱེད་དེ་འདྲ་བྱེད་མི་རུང་། དེ་བཞིན་ཟ་ཁང་སྐྱིད་སྡུག་དང་ཚོང་ཁང་སྐྱིད་སྡུག་གཉིས་ཀྱིས་སོ་སོས་ལས་དོན་མ་ནོར་བ་བྱེད་དགོས་པ་ལས། “རི་བོང་ཅལ་འདྲོགས་”ཀྱིས་ལས་ཀ་བྱེད་དགོས་དོན་མེད། དེ་མིན་དྷ་ས་མདོ་སྟོད་ཚོགས་པ་ཞེས་པ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཐོ་གཞུང་དུ་མེད་ལ། ཚོགས་པ་རེ་ཟུང་ལ་ཚོགས་མི་ཡང་ག་ཚོད་ཡོད། དབུ་མའི་ལམ་གྱི་སྲིད་ཇུས་ནི་བོད་གཞུང་གི་སྒྲུབ་བྱ་གཙོ་བོ་ཡིན་པས། དེའི་ཐོག་ཚོགས་པ་ཞིག་ཟུར་འཛུགས་དགོས་དོན་ཆེར་མེད།།