བོད་ཀྱི་ཡུལ་མིའི་ཁྲིམས་ལུགས་བཟོ་དགོས་པའི་རྒྱུ་མཚན།
ཁྲིམས་ལུགས་སློབ་མ། བློ་བཟང་གྲགས་པ།
དེ་རིང་ཡང་རྒྱ་གར་རྒྱལ་ཡོངས་ཀྱི་ལས་མཚམས་བཅད་པའི་ངོ་རྒོལ་ལས་འགུལ་ཞིག་གི་དབང་གིས་ང་ཚོར་གོང་སེང་བཏང་སོང་ལ། ང་ལ་མཚོན་ན་དེ་ནི་དོན་བཟང་ཞིག་བྱུང་སོང་སྙམ། གང་ཡིན་ལགས་ན། གོང་སེང་འདི་དང་སྟབས་བསྟུན་གྱིས་ང་ཚོའི་གྲོས་ཚོགས་འཚོགས་འདུ་འདི་ཉིད་དྲ་ཐོག་ཏུ་ཉོན་ཆོག་པ་དང་།
དེ་ནས་དགོང་མོར་གློག་བརྙེན་ཞིག་ཀྱང་ལྟ་རུ་འགྲོ་ཆོག། ད་ལྟ་ནི་སྔ་དྲོ་ཆུ་ཚོད་༡༡:༡༦ཡིན་པ་དང་། གྲོས་ཚོགས་འཚོགས་འདུ་དེའང་གསོལ་ཇའི་དབར་སེང་དུ་མཚམས་འཇོག་གནང་སོང་། དབར་སེང་མཚམས་འཇོག་མ་བྱས་སྔོན་དུ། གྲོས་ཚོགས་སུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དང་པོ་དོན་ཚན་བརྒྱད་པ་སྟེ་བོད་ཀྱི་ཡུལ་མི་དང་། དེ་དང་འབྲེལ་བའི་བོད་ཀྱི་ཡུལ་མིའི་ཁྲིམས་ཡིག་བཟོ་དགོས་མིན་ཐད་བགྲོ་གླེང་གནང་སོང་། གྲོས་ཚོགས་འཐུས་མི་ནས་བྱུང་བའི་ཁྲིམས་ལུགས་སྐྱར་བཅོས་དང་འབྲེལ་བའི་ཚོགས་ཆུང་དེས་གསུངས་སྟངས་ལ། ང་ཚོའི་ད་ལྟ་བཙན་བྱོལ་བོད་ཀྱི་གནས་བབས་དང་བསྟུན། བོད་ཀྱི་ཡུལ་མིའི་ཁྲིམས་ཡིག་འདི་བཟོ་ཐབས་བྲལ་པ་དང་། དེ་ལས་དོན་ཚན་འདིའི་ནང་གསེས་༣པ་རྒྱལ་ཁབ་གཞན་གྱི་ཡུལ་མི་བོད་ཀྱི་ཡུལ་མི་དང་མཉམ་དུ་ལུགས་མཐུན་གཉེན་སྒྲིག་བྱས་ཏེ་མུ་མཐུད་ལོ་གསུམ་ལས་བརྒལ་བ་རྣམས་བོད་ཀྱི་ཡུལ་མིར་གཞུག་འདོད་ཡོད་ཚེ་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་སྒྲིག་གཞི་ལྟར་ཞུགས་ཆོག་ཅེས་པ་དེའི་ཐད་དགོངས་བཞེས་དང་ཐབས་ལམ་བཙལ་པ་གལ་ཆེ་ཚུལ་དང་། ཁོང་གིས་ཀྱང་དེང་སང་བོད་ཀྱི་ཡུལ་མི་དང་མཉམ་དུ་ལུགས་མཐུན་གཉེན་སྒྲིག་བྱས་ཏེ་མུ་མཐུད་ལོ་གསུམ་ལས་བརྒལ་བ་རྣམས་ཀྱི་རང་བདེན་བཅའ་དངུལ་འཕུལ་འདོད་ཡོད་ནའང་། བོད་ཀྱི་སྒྲིག་འཛུག་ནས་དེ་སྔོན་སྒྲིག་གཞི་བཟོས་པ་ནས། ཁོང་ཚོས་རང་བདེན་བཅའ་དངུལ་དེ་ཉིན་ཕུལ་འདོད་ཡོད་ཀྱང་ཕུལ་ཐུབ་ཀྱི་མེད་པར་དེའི་ཐད་དགོངས་བཞེས་གནང་རོགས་ཞེས་འབུལ་སྐུལ་གང་མང་ཞུས་པར་བརྟེན། ང་ཚོས་ངེས་པར་ཏུ་དེའི་ཐད་བསམ་བློ་གཏོང་དགོས་ཚུལ་སོགས་གསུངས་པ་ལས་གཞན་ཁྲིམས་ལུགས་འདི་ཉིད་བཟོས་དགོས་པའི་གནད་འགག་དེ་རྟོགས་མི་འདུག་སྙམ་པའི་ཚོར་བ་བྱུང་།
བཀུར་འོས་སྤྱི་འཐུས་མང་པོ་ཞིག་གིས་དེ་ལ་རྒྱབ་སྐྱོར་གནང་སོང་ལ། ཡང་མང་པོ་ཞིག་གིས་དེ་ལ་དགག་པའང་རྒྱབ་སོང་། གང་ལྟར་ཀྱང་ཕྱོགས་གཉིས་ཀ་ནས་རང་བདེན་བཅའ་དངུལ་ཕུལ་སྟངས་དང་། དེའི་དགོས་མཁོ། ཐབས་ལམ་སོགས་ནས་དགག་འདོད་ཀྱིས་བཀའ་མོས་གནང་པ་ལས། ཁྲིམས་ལུགས་འདི་ཉིད་བཟོས་དགོས་པའི་ཁྲིམས་དོན་གནད་འགག་དེ་རྟོགས་མེད་པའི་ཚོར་བ་ཤུགས་ཆེན་པོ་བྱུང་བས། ངས་གང་མགྱོགས་ཁོང་ཚོས་དབར་སེང་དང་བསྟུན་ནས་ཁྲིམས་ལུགས་འདི་ཉིད་བཟོ་དགོས་པའི་རྒྱུ་མཚན་ཞིག་འབྲི་འདོད་བྱུང་། གཅིག་བྱས་ན། སྤྱི་འཐུས་ཁ་ཤས་ལ་སྐབས་དུས་དང་བསྟུན་པའི་དྲ་རྒྱ་གནས་ཚུལ་དང་མི་དམངས་ཀྱི་བསམ་ཚུལ་ཉོན་འདོད་ཡོད་རིགས་ཀྱིས་རྩོམ་ཡིག་འདི་མཐོང་པར་ཐུགས་ཕན་གསོལ་མི་ཡོང་ངང་སྙམ་པ་ཙམ་ཡིན།
བཙན་བྱོལ་བོད་ཀྱི་བཅའ་ཁྲིམས་ལེའུ་དང་པོའི་དོན་ཚན་བརྒྱད་པ་ནི་གཤམས་གསལ་རེད།
དོན་ཚན་བརྒྱད་པ། བོད་ཀྱི་ཡུལ་མི།
༡ བོད་ཀྱི་མངའ་ཁོངས་སུ་སྐྱེས་པའི་བོད་པ་དང༌། རྒྱལ་ཁབ་གཞན་དུ་སྐྱེས་པའི་བོད་པ་རྣམས་བོད་ཀྱི་ཡུལ་མི་ཡིན། བོད་རིགས་ཕ་མ་གང་རུང་ལས་རྒྱལ་ཁབ་གཞན་དུ་སྐྱེས་པའི་རིགས་རྣམས་ཀྱང་བོད་ཀྱི་ཡུལ་མིར་གཞུག་རྒྱུའི་ཐོབ་ཐང་ཡོད།
༢ བཙན་བྱོལ་བོད་མི་སུ་ཞིག་འཕྲལ་རྐྱེན་དབང་གིས་རྒྱལ་ཁབ་གཞན་གྱི་ཡུལ་མི་མ་བྱེད་ཐབས་མེད་བྱུང་རིགས་ཀྱང་བཅའ་ཁྲིམས་འདིའི་དོན་ཚན་བཅུ་གསུམ་པ་ནང་གསལ་གྱི་འཁུར་འགན་
ཁག་འགལ་མེད་བསྒྲུབས་ཕྱིན་བོད་ཀྱི་ཡུལ་མིའི་རང་བཞིན་འདོར་མི་དགོས།
༣ རྒྱལ་ཁབ་གཞན་གྱི་ཡུལ་མི་བོད་ཀྱི་ཡུལ་མི་དང་མཉམ་དུ་ལུགས་མཐུན་གཉེན་སྒྲིག་བྱས་ཏེ་མུ་མཐུད་ལོ་གསུམ་ལས་བརྒལ་བ་རྣམས་བོད་ཀྱི་ཡུལ་མིར་གཞུག་འདོད་ཡོད་ཚེ་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་སྒྲིག་གཞི་ལྟར་ཞུགས་ཆོག
༤ གོང་གསལ་དོན་ཚན་ཁག་ལག་ལེན་དུ་བསྟར་ཆེད་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ཀྱི་ཡུལ་མིའི་ཁྲིམས་ལུགས་ཤིག་
གཏན་འབེབས་བྱ་རྒྱུ།
ད་ལྟ་ང་ཚོའི་གནད་དོན་འདིའི་འགག་རྩ་དེ་དོན་མཚན་འདིའི་ནང་གསེས་༣ པ་དང་༤་ པ་གཉིས་ལ་གཙོ་བོར་ཐུག་ཡོད་པ་དང་། དེ་ཡང་ནང་གསེས་༣ པའི་ནང་རྒྱལ་ཁབ་གཞན་གྱི་ཡུལ་མི་བོད་ཀྱི་ཡུལ་མི་དང་མཉམ་དུ་ལུགས་མཐུན་གཉེན་སྒྲིག་བྱས་ཏེ་མུ་མཐུད་ལོ་གསུམ་ལས་བརྒལ་བ་རྣམས་བོད་ཀྱི་ཡུལ་མིར་གཞུག་འདོད་ཡོད་ཚེ་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་སྒྲིག་གཞི་ལྟར་ཞུགས་ཆོག་ཅེས་གསལ་ཡོད་། དེའི་ནང་གནད་འགག་གི་ཚིག་ནི་“སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་སྒྲིག་གཞི་ལྟར་ཞུགས་ཆོག”ཅེས་པ་དང་དེའི་ནང་ནས་“ཆོག”ཅེས་པ་དེ་རེད། ང་ཚོས་ཚང་མས་མཁྱེན་གསལ་རེད། གལ་སྲིད་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་སྒྲིག་གཞི་ལྟར་ཞུགས་ཆོག་ན། ངེས་པར་དུ་ཁྲིམས་ལུགས་སྒྲིག་སྲོལ་ཞིག་གིས་མཐུན་རྐྱེན་དང་ཆ་རྐྱེན་ཞིག་ནས་ཞུགས་དགོས་ཀྱི་ཡོད་པ་རེད། སྒྲིག་སྲོལ་དེ་ག་རེ་རེད།རྒྱལ་ཁབ་གང་ཞིག་ཡིན་ནའང་ཡུལ་མི་ཞུགས་ཆོག་མིན་ཐད་གླེང་ཚེ། དེར་ཞུགས་ཆོག་མིན་ནི་ཁྲིམས་ལུགས་ཤིག་གིས་སྟངས་འཛིན་བྱེད་དགོས་པ་ལས། གཞན་དེའི་ཐད་ཕུགས་གྱངས་རིང་པོར་སྟངས་འཛིན་བྱེད་ཐུབ་པའི་སྒྲིག་སྲོལ་ཞིག་དཀོན་པོ་རེད། གལ་སྲིད་བྱུང་ནའང་། དེ་ཉིད་དོན་ཕན་ཡོང་མི་ཐུབ་པ་ཞིག་ཡིན་པར་སོམ་ཉི་མེད། དེ་ནས་དོན་ཚན་འདིའི་ནང་གསེས་༤ པའི་ནང་གོང་གསལ་དོན་ཚན་ཁག་ལག་ལེན་དུ་བསྟར་ཆེད་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ཀྱི་ཡུལ་མིའི་ཁྲིམས་ལུགས་ཤིག་གཏན་འབེབས་བྱ་རྒྱུ་ཞེས་གསལ་ཡོད།དེ་ནི་ཧ་ཅང་གསལ་པོ་རེད། དེ་ཉིད་ཀྱི་ཚིག་ཐག་ཆོད་པོས་“གཏན་འབེབས་བྱ་རྒྱུ”ཞེས་གསུང་ཡོད་པ་རེད། དེ་ནི་བཅའ་ཁྲིམས་ཀྱིས་བཀའ་རེད་ལ། ང་ཚོས་ཁྲིམས་བཟོ་ལྷན་ཁང་ནས་ངེས་པར་ཏུ་ཐུགས་བསམ་བཞེས་དགོས་པ་ཞིག་རེད།
ཁྲིམས་ལུགས་ནས་བཤད་ན། གནད་དོན་འདི་ནི་རང་བདེན་བཅའ་དངུལ་ཕུལ་དགོས་མིན་དང་། དེའི་ཐོབ་ཐང་དང་དགོས་དབང་ལ་གཙོ་བོར་ཐུག་མེད། དེ་ཉིད་ཀྱི་གནད་འགག་ནི་ཁྲིམས་ལུགས་རང་ཉིད་ལ་ཐུག་ཡོད་པ་དང་། ལྷག་པར་དུ་བཙན་བྱོལ་བོད་ཀྱི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ལ་ཐུག་ཡོད། དེ་ཡང་བཙན་བྱོལ་བོད་ཀྱི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ནང་ལེའུ་གཉིས་པ་སྟེ་ཁྲིམས་ཁོངས་ཁྱབ་ཚད་དོན་ཚན་བདུན་པའི་ནང་ང་ཚོའི་བོད་མི་ཚོའི་ཁྲིམས་ཁོངས་ཀྱི་ཁྱབ་ཚད་གསུང་ཡོད་པ་དང་། དེ་ཉིད་ཀྱང་བོད་མི་དང་བོད་མིའི་སྒྲིག་འཛུག བོད་མིའི་ཁྱབ་ཁོངས་སྤྱི་ཚོགས་དང་དེའི་རྩོད་གཞི་ཁོ་ན་དམིགས་ནས་གསུང་ཡོད་པ་དང་། དེས་མ་ཚད་བཙན་བྱོལ་བོད་ཀྱི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་་ལེའུ་གཉིས་པ་སྟེ་དོན་ཚན་བཅུ་གསུམ་པ། ཁྲིམས་ཞིབ་བྱ་རྒྱུར་གཞི་རྩའི་ཆ་རྐྱེན་ནང་གི་ནང་གསེས་༣ པའི་ནང་གྱོད་ཡ་ཕན་ཚུན་གཉིས་ཀ་བོད་ཀྱི་ཡུལ་མི་ཡིན་པ་ཞེས་གསལ་ཐག་ཆོད་གསུངས་ཡོད། འདི་ནི་བོད་མིའི་ཁྲིམས་གཏུག་གི་གཞི་རྩའི་ཆ་རྐྱེན་ཞིག་ཡིན་པ་རེད། གལ་སྲིད་གོང་གསལ་བཅའ་ཁྲིམས་ལེའུ་དང་པོའི་དོན་ཚན་བརྒྱད་པའི་ནང་གསལ་༣ པའི་ནང་གི་གནད་ལྟར་བོད་མི་དང་ལུགས་མཐུན་གཉེན་སྒྲིག་བྱེད་ནས་མུ་མཐུད་ལོ་གསུམ་སོང་བའི་ཕྱི་རྒྱལ་མི་ཞིག་གིས་བཙན་བྱོལ་བོད་ཀྱི་ཁྲིམས་ཁང་ནང་ཁྲིམས་གཏུག་བྱེད་པ་ཡིན་ན། དེ་ཉིད་ལ་ཁྲིམས་ལུགས་ཀྱི་སྟངས་འཛིན་ཞིག་མེད་ན། བཙན་བྱོལ་བོད་ཀྱི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ལེའུ་གཉིས་པའི་གཞི་རྩའི་ཆ་རྐྱེན་ནང་གི་ནང་གསེས་༣ པའི་གྱོད་ཡ་ཕན་ཚུན་གཉིས་ཀ་བོད་ཀྱི་ཡུལ་མི་ཡིན་པ་དེ་ནས་འགག་འགྲོ་པ་ཞིག་དང་། བོད་ཀྱི་ཡུལ་མི་ཁྲིམས་ལུགས་ཤིག་གི་སྟངས་འཛིན་མེད་ན་ཞུ་གཏུག་དེ་ལ་དཀའ་ངལ་འཕྲད་ངེས་ཡིན་པ་ཞིག་རེད།
མ་ཟད། ང་ཚོའི་ཁྲིམས་ཡིག་ནང་བོད་པའི་ཡུལ་མི་གང་རུང་ཕྱི་རྒྱལ་ཡུལ་མི་གང་རུང་དང་གཉེན་སྒྲིག་བྱུང་པ་དང་ཁོང་ཚོའི་ཕྲུ་གུ་དེ་ཚོས་ཀྱང་བོད་ཀྱི་ཡུལ་མིར་ཞུགས་འདོད་ཡོད་རིགས་། བོད་ཀྱི་ཡུལ་མིར་ཞུགས་ཆོག་གམ་ཐོབ་ཐང་ཡོད་ཅས་གསུངས་ཡོད་པ་རེད། ཆོག་ནའང་འདྲ་། ཐོབ་ཐང་ཡོད་ནའང་འདྲ། གང་ལྟར་ང་ཚོ་ལ་ཁྲིམས་ལུགས་ཤིག་གིས་སྟངས་འཛིན་བྱེད་དགོས་ཀྱིས་ཡོད། དེ་མིན་ན། ང་ཚོ་ཚང་མས་མཁྱེན་གསལ་རེད། དེང་སང་ཕྱི་ནང་གཉིས་ནས་བོད་ཀྱི་ཡུལ་མི་དང་ཕྱི་རྒྱལ་ཡུལ་མི་དབར་བྱུང་བའི་ཕྲུ་གུ་མང་པོ་བྱུང་ཡོད་པ་དང་། ཁོང་ཚོ་མང་པོ་ཞིག་གིས་ཀྱང་དུས་དང་རྣམ་པ་ཀུན་དུ་བོད་དོན་ཆེད་ཕྱག་ལས་གནང་བསྡད་ཡོད་པ་རེད། གལ་སྲིད་ནམ་ཞིག་གི་ཚེ། འདིའི་རིགས་ཀྱི་མི་རྣམས་ནས་བོད་ཀྱི་ཁྲིམས་ཁུངས་ཁྱབ་ཚད་དང་མཐུན་པའི་ཁྲིམས་གཏུག་ཞུ་དགོས་པའི་གནས་སྟངས་བྱུང་ན། གལ་སྲིད་བོད་ཀྱི་ཡུལ་མིའི་ཁྲིམས་ལུགས་ཞིག་མེད་སོང་ན། ཐོག་མ་ཉིད་ནས་ཁོང་ཚོའི་ཁྲིམས་གཏུག་དེ་ཉིད་བཙན་བྱོལ་བོད་ཀྱི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ལེའུ་གཉིས་པ་སྟེ་དོན་ཚན་བཅུ་གསུམ་པ། ཁྲིམས་ཞིབ་བྱ་རྒྱུར་གཞི་རྩའི་ཆ་རྐྱེན་ནང་གི་ནང་གསེས་༣པའི་ནང་གྱོད་ཡ་ཕན་ཚུན་གཉིས་ཀ་བོད་ཀྱི་ཡུལ་མི་ཡིན་པ་ཞེས་པ་དེ་ནས་འགག་འགྲོ་གི་རེད། དེ་འདྲ་སོང་ཙང་། ང་ཚོའི་ཁྲིམས་བཟོ་ལྷན་ཚོགས་ནས་ཁྲིམས་ལུགས་ཀྱི་ལྟ་གྲུབ་ནས་ཐུགས་བསམ་མ་བཞེས་པ་ཡིན་ན། མ་འོངས་པར་ང་ཚོའི་ཁྲིམས་ལུགས་དབང་འཛིན་དང་ཁྲིམས་ལུགས་སྟངས་འཛིན་ཐད་དཀའ་ངལ་གཏན་གཏན་འཕྲད་ཀྱིན་རེད་སྙམ།
ང་ཚོའི་བཀུར་འོས་སྤྱི་འཐུས་ཚོས་ངེས་པར་དུ་རྒྱ་ཆེ་ས་དང་། ཕུགས་རིང་ས་ནས་བསམ་བློ་གཏོང་དགོས་པ་ལས། དེ་ཉིད་བཟོ་དགོས་མིན་ནི་བོད་ཀྱི་ད་ལྟའི་གནས་སྟངས་ལ་མི་མཚམས་པ་གང་ཡིན་ནམ། ང་ཚོས་བཙན་བྱོལ་བོད་ཀྱི་བཅའ་ཁྲིམས་ཡན་ཆད་བཟོས་ཚར་དུས། དེའི་ཡན་ལག་ཁྲིམས་ལུགས་ཤིག་བཟོ་པ་ཡིན་ན། དེས་བོད་ཀྱི་གནས་བབས་ལ་སྐྱོན་ག་རེ་འདུག་གམ། ངས་བསམ་པར་ཁྲིམས་ལུགས་དེའི་བཟོ་པས་ན། གནོད་སྐྱོན་གང་ཡང་ཡོང་པར་མི་དྲན། ཡང་ཁ་ཤས་ཀྱིས་ཁྲིམས་ལུགས་དེ་ལྟར་བཟོས་པ་ཡིན་ན། ང་ཚོའི་བོད་པའི་སྤྱི་ཚོགས་སུ་ཕྱི་རྒྱལ་ཡུལ་མིའི་ཐོབ་ཐང་བཞེས་བཞིན་ཡོད་པའི་གནད་ཡོད་མི་སྣ་དེ་ཚོའི་ཕྱག་ལས་གནང་སྟངས་དང། ཁོང་ཚོར་དཀའ་ངལ་བཟོ་གིས་ཡིན་ལུགས་གསུང་གིས་འདུག། དེ་ནི་ནོར་འཁྲུལ་གྱི་ལྟ་སྟངས་ཤིག་ཡིན་པ་ལས། དོན་དངོས་ཁྲིམས་དང་མཐུན་པའི་དཀའ་ངལ་ཞིག་མ་རེད་སྙམ། ང་ཚོའི་ཁྲིམས་ལུགས་ནང་ནས་ཀྱང་དེ་རིགས་ཀྱི་བོད་མི་ཚོར་བོད་དང་ཁོང་ཚོར་ཡོད་བཞིན་པའི་ཕྱི་རྒྱལ་ཡུལ་མི་གཉིས་ཀའི་ཐོབ་ཐང་བཞེས་ཆོག་པ་དང་། ངོས་ལེན་ཡོད་པའང་སོང་ཡོད་པ་རེད། ཕྱི་རྒྱལ་ཁབ་ཕལ་ཆེར་གྱིས་ཀྱང་མི་གཅིག་གིས་ཡུལ་མིའི་ཐོབ་ཐང་གཉིས་སོགས་བཞེས་ཆོག་པའི་ཁྲིམས་ལུགས་གཏན་འབེབས་བྱེད་ཡོད་པ་རེད། མཐའ་མ་དེར་ངས་ཚོར་ཤུགས་དྲག་པོས། ང་ཚོའི་བཀུར་འོས་སྤྱི་འཐུས་ཚོ་ལ་རྒྱུན་དུ་ནས་སོ་སོས་གང་གླེང་པར་བྱ་བའི་བརྗོད་གཞི་ལ་མཁྱེན་རྟོགས་དང་། དེ་དང་འབྲེལ་བའི་ཤེས་ཡོན་སོགས་རྟོགས་པའི་ཐོག་ནས་བཀའ་མོས་གནང་པ་དང་། བགྲོ་གླེང་བྱེད་པ་ལས། དོན་གལ་མི་ཆེ་བའི་གནད་དོན་ཆུང་ཙག་རིགས་ནས་རྒྱུ་མཚན་ཡོད་མདོག་ངང་གསུང་བསྡད་པ་ཡིན་ན། དེས་ང་ཚོའི་གནད་དོན་ཁག་ལ་དོ་ཕོག་འགྲོ་པ་ལས། ཕན་འདོགས་ཤིག་ཡོང་གི་མ་རེད་ཅེས་ཞུ་རྒྱུ་དང་། ང་ཚོའི་བོད་མི་ཚོས་ཀྱང་བཙན་བྱོལ་བོད་ཀྱི་བཅའ་ཁྲིམས་ལེའུ་གཉིས་པའི་ནང་གསལ་བོད་ཀྱི་ཡུལ་མིའི་ཐོབ་ཐང་དང་འགན་དབང་གཉིས་ཀ་ནས་ཐུགས་བསམ་བཞེས་སྟེ། དེ་ལུགས་ཀྱི་གནད་དོན་སོགས་ལ་ཐུགས་སྣང་གནང་རོགས་གནང་ཞེས་ཞུ་རྒྱུ་ཡིན།
རྩོམ་ཡིག་འདི་ཅུང་རིང་དྲག་སོང་། དྲ་གྲོགས་ཚོར་དགོངས་པ་མ་ཚོམས་ཞེས་ཞུ་རྒྱུ་དང་སྦྲགས། ཚང་མར་བདེ་མོ། ཚེ་རིང་ལོ་བརྒྱ།