ཐུབ་བསྟན་ལུང་རིགས་ཀྱིས་རྫུན་བཤད་པ།
འདས་པའི་ཉི་མ་ཁ་ཤས་ཀྱི་ཡར་སྔོན་ཞིག་ལ་བོད་ཀྱི་བུ་མེད་ཚོགས་པའི་གོ་སྒྲིག་འོག་དབུ་མའི་ལམ་གྱི་བྱུང་རིམས་དང་འཕེལ་རྒྱས་གྲུབ་འབྲས་སོགས་ཀྱི་ཐད། སྐལ་བཟང་རྒྱལ་མཚན་གཙོས་པའི་སྤྱི་འཐུས་ཁག་ཅིག་ནས་གཏམ་བཤད་བྱས་པའི་ཁྲོད་ཐུབ་བསྟན་ལུང་རིགས་ཟེར་བ་དེས་བརྗོད་དོན། ༧༩ལོའི་ལོ་མཇུག་ཙམ་ལ་དབུ་མའི་ལམ་གྱི་སྲིད་ཇུས་གཏན་འབེབས་གནང་བས་བོད་གཞིས་བྱས་གཉིས་སུ་འགྲོ་འོང་གི་གོ་སྐབས་དང་། གཞིས་ནས་སློབ་གཉེར་བ་མང་པོ་གྲྭ་ས་ཁག་དང་སློབ་གྲྭ་ཁག་ལ་འགྲོ་ཐུབ་པ་བྱུང་བ་དང་། དེ་སྔོན་བོད་གཞིས་བྱས་གཉིས་ཀྱི་གནས་ཚུལ་ཕན་ཚུན་ཤེས་རྟོགས་བྱུང་མེད་ཀྱང་དེ་ནས་གནས་ཚུལ་ཤེས་རྟོགས་དང་གཉེན་འཕྲད་བྱེད་རྒྱུ་བྱུང་བ་ནི་དབུ་མའི་ལམ་གྱི་གྲུབ་འབྲས་ཡིན་ཚུལ་སོགས་ཀྱི་རྫུན་གཏམ་གནམ་སར་མི་ཤོང་བ་ཞིག་བྱས་འདུག
འདི་ལྟར་རྫུན་གཏམ་ཁོ་ནས་བོད་མའི་རྣམས་མགོ་སྐོར་བཏང་བ་ནི། བཙན་རྒྱལ་དམར་པོའི་རིང་ལུགས་ཀྱི་བྱེད་ཐབས་མ་རུངས་པ་ཞིག་ལག་བསྟར་གནང་བ་ལས། ཆོས་ལྡན་བོད་མའི་ལས་འབྲས་དཔང་དུ་བཞག་པའི་ལས་ལུགས་ཤིག་མིན་པ་དེའི། དོན་བདག་ཐུབ་ལུང་ནི་མི་གཞི་དང་བཟང་སྤྱོད་བོར་བའི་གཅིག་སྡུད་སྒེར་སྤྱོད་པ་ཞིག་ལས། བོད་ཀྱི་རྩ་དོན་ཐོག་ལ་ཤེས་ནས་ཁ་ལག་འགུལ་མཁན་ཞིག་མིན་པར་ར་སྤྲོད་གསལ་པོར་བྱུང་བ་རེད།
མདོ་དོན་༨༠ལོ་ནས་བོད་དུ་གཉེན་འཕྲད་ཕེབས་ཐུབ་པ་བྱུང་བ་ནི་དབུ་མའི་ལམ་དང་འབྲེལ་བ་གཏན་ནས་མེད་པ་ཞིག་རེད། མའོ་ཡི་དུས་རབས་རྫོགས་ཏེ་ཏིན་གྱི་དུས་རབས་སུ་ནང་ཁུལ་བཅོས་བསྒྱུར་དང་ཕྱི་ཕྱོགས་སྒོ་འབྱེད་ཟེར་བའི་སྲིད་ཇུས་འོག་ཕྱི་སྡོད་བོད་རིགས་སྤུན་ཟླའི་སྒོ་འབྱེད་ཟེར་བ་དེའི་འོག་ནས་བྱུང་བ་རེད། བོད་དང་གཅིག་མཚུངས་ཐེ་ཝན་དང་ཧོང་ཀོང་སོགས་ལའང་བྱུང་ཡོད་ན་དེ་འདྲའི་གཉེན་འཕྲད་དེ་དབུ་མའི་ལམ་གྱི་གྲུབ་འབྲས་སུ་ཇི་ལྟར་འགྱུར། ཡང་ན་ཐེ་ཝན་སོགས་ཀྱི་རྒྱ་རིགས་གཉེན་འཕྲད་ཀྱང་དབུ་མའི་ལམ་གྱི་གྲུབ་འབྲས་སུ་བསྒྱུར་བརྩིས་ཡོད་དམ།
སྤྱིར་༨༠ཐམ་པའི་ལོ་ནས་གྲངས་ཉུང་མི་རིགས་སྤྱི་དང་ལྷག་པར་བོད་ལ་སྲིད་ཇུས་ཅུང་གུ་ཡངས་ལྟ་བུ་བྱུང་བ་ནི། ཧུའུ་ཡའོ་པང་གི་གཙོ་སྐྱོང་འོག གྱོད་གཞི་རྫུན་མ་དཀར་འདོན་དང་། ཁྲིམས་ཆད་བཅད་ནོར་ཤོར་བ་ཡོ་བསྲང་། མ་ཉེས་ཁ་གཡོག་གི་གྱོད་གཞིར་དག་སེལ་གྱི་ལས་འགུལ་ལོ་ལྔ་ལ་སྤེལ་བ་དང་། ལྷག་པར་ ༡༩༨༠ ལོའི་ ཟླ་ ༣ ཚེས་ ༡༤ ཉིན ཧུའུ་ཡའོ་པང་གི་གཙོ་སྐྱོང་འོག བོད་ཀྱི་ལས་དོན་གཞུགས་མོལ་ཚོགས་འདུ་ཐེངས་དང་པོ་བསྐོང་ཚོགས་བྱས་པ་དང་། ༧ཀུན་གཟིགས་པཎ་ཆེན་པོ་བཙོན་གྲོལ་ཐོབ་ནས་མི་རིགས་རིག་གཞུང་དང་བཅས་པར་སྲིད་ན་དཀོན་པའི་བྱས་རྗེས་ཀྱི་མགོ་བཟུང་བ་སོགས་རྒྱུ་རྐྱེན་མང་པོ་འཛོམས་པ་ལས་བྱུང་བ་ལས་དབུ་མའི་ལམ་གྱིས་དེར་ཕན་གནོད་གང་ཡང་བྱས་མེད་པ་དང་བྱེད་མི་ནུས་པ་ལོང་བས་བལྟས་ཀྱང་ཁམས་གསུམ་གྱི་དཔེ་ལྟར་རེད།
ཁ་གཡོག་དང་རྫུན་མ། ནོར་འཁྲུལ་གྱི་གྱོད་གཞི་དཀར་འདོན་ཟེར་བ་སོགས་ནི། ཏང་དང་རྒྱལ་ཁབ་ལ་བློ་ལོག་པ་དང་སྲིད་ཇུས་ཀྱིས་སྡུག་སྦྱོང་ཐེབས་པའི་མི་རྣམས་ཁ་བསྒྱུར་ཆེད་མའོ་སོགས་ཤི་ཟིན་པ་ཁག་ཅིག་ལ་ཁ་ལག་འཕྱི་བའི་སྲིད་ཇུས་ཡོ་འཁྱོམ་ཅན་ཞིག་ཡིན་མོད། ཧུའུ་ཡའོ་པང་ལྟ་བུའི་མི་གཞུང་དྲང་ཅན་གྱི་ལག་ལེན་ཇི་བཞིན་བྱས་པས་ཧུའུ་ཡའོ་པང་གི་མཇུག་འབྲས་མི་ལེགས་པ་དེ་བྱུང་བ་ཡིན་འདུག
དེའི་རྗེས༨༧ལོ་དང་༨༨ལོ་སོར་བོད་ཀྱི་རྒྱལ་ས་ལྷ་སར་འབྲས་སྤུངས་དགོན་པའི་དགེ་འདུན་པ་དང་སེར་ར་དགོན་པའི་དགེ་འདུན་པ། དེ་བཞིན་མང་ཚོགས་ཀྱིས་ཁྲོམས་སྐོར་ཡར་ལང་བྱུང་བ་ལའང་དབུ་མའི་ལམ་གྱི་ཕན་གནོད་གང་ཡང་བྱུང་མེད། ༨༩ ལོའི ཟླ ༡ ཚེས ༢༨ ཉིན། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགོངས་པ་རྫོགས་པ་ནས་ད་བར་དུ་རྒྱ་གཞུང་གིས་བོད་ཐོག་ཏུ་འཛིན་པའི་སྲིད་ཇུས་ཇེ་སྡུག་ཏུ་ཕྱིན་པ་ལས་གཞན་ཞིག་མེད་པ་ནི། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཁོ་ནའི་ཐུགས་རྗེ་བཀའ་དྲིན་ལས་དབུ་མའི་ལམ་གྱི་གཞི་ལུས་རྒྱ་ཆེན་མི་མང་ལ་ཕན་གང་ཡང་ཐོགས་ཀྱི་མེད་པའི་དཔང་རྟགས་གསལ་སྟོན་བྱས་པ་རེད།
ཐུབ་ལུང་གི་རྫུན་གྱི་དགོངས་དོན་ལྟར་ན། དབུ་མའི་ལམ་གྱི་གཞི་བཏིང་བ་ཙམ་ལ་དེ་འདྲའི་ནུས་པ་ཡོད་ན་ད་ནི་སྲིད་ཇུས་དེ་རྩ་བ་ཚུགས་ཤིང་རྩེ་མོ་ཡོངས་སུ་རྒྱས་པ་ཡིན་དུས་བོད་ནང་གི་དཀའ་ངལ་ཐད་དཀར་སེལ་བའི་ནུས་པ་ཞིག་ཡོད་དགོས་པའང་ཆོས་ཉིད་ཀྱི་རིགས་པ་ཡིན་མོད། དེ་ལས་ལྡོག་སྟེ་བོད་ནང་གི་དཀའ་ངལ་སྣ་གཅིག་ལ་ཕན་ཐོགས་སྤུ་ཙམ་མེད་པ་ནི་མིག་མཐོང་ལག་ཟིན་རེད། ལྷག་པར་སྐབས་དེ་དུས་ལས་དབུ་མའི་ལམ་ནི་རྒྱ་གཞུང་དང་བསྟུན་མཁས་པ་རྒྱ་མིའི་མངོན་འདོད་དང་ཉེ་ཆེ་བ་ཡིན་དུས། ད་སྐབས་བོད་ནང་དུ་དམ་དྲག་དང་སྲིད་ཇུས་ལ་གུ་ཡངས་ཡོང་དགོས་ངེས་ཀྱང་། ༢༠༠༨ ནས་དམར་གསོད་དང་བཙོན་འཇུག་བཀག་སྡོམ་དང་དྲག་གནོན་སུན་བཙིར་དང་ཉེས་འདོགས་སོགས་ཇེ་ཆེར་འགྲོ་བ་ལས་མ་དམིགས་པ་འདིའི་ཀྱང་དབུ་མའི་ལམ་གྱི་བོད་མིའི་དཀའ་སྡུག་ལ་ཕན་ཐོགས་ཀྱི་མེད་པ་གསལ་པོ་རེད།
ད་དུང་དབུ་མའི་ལམ་གྱི་སྲིད་ཇུས་གཏན་ལ་ཕབ་པ་ཙམ་ལ་དེ་འདྲའི་ནུས་པ་ཡོད་ན། ད་སྐབས་ནི་དབུ་མའི་ལམ་ནི་ཙི་ཙིའི་རྔ་མ་ནང་བཞིན་ཇེ་ཕྲ་དང་ཇེ་ཆུང་དུ་སོང་ནས། རང་སྐྱོང་མངོན་འདོད་གྱི་ཡིག་ཆ་ལ་ཐུག་པས། ད་ནི་རྒྱ་མིས་གང་བཤད་ལས་ཚུར་ཕྱོགས་ལ་འདི་དགོས་ཀྱི་ཆ་རྐྱེན་གང་ཡང་མེད་པ་ཆགས་ཚར་དུས་རྒྱ་བོད་བར་ལ་འགྲོ་འོང་གི་དཀའ་ངལ་འབྱུང་བ་མི་རིགས་ནའང་། གཞིས་རྩེ་ནས་བོད་འགྲོའི་བོད་པ་ཚུར་བལ་པོ་སློག་པ་དང་། བལ་པོའི་ས་ཆ་ནས་རྒྱ་ཡོང་གི་བོད་པ་ཕར་སྤྲད་པ་སོགས་མདོར་ན། གཞི་བྱེས་བར་དུ་གཉེན་འཕྲད་དང་རྒྱུ་འགྲུལ་དཀའ་བ་འདིས་ཀྱང་དབུ་མའི་ལམ་གྱི་བོད་གཞི་བྱེས་བར་གྱི་གཉེན་འཕྲད་དང་འགྲོ་འོང་སོགས་ལ་ཕན་ཐོགས་གང་ཡང་བྱུང་མེད་པ་གསལ་པོ་བྱུང་བ་རེད།
ད་དུང་ཐུབ་ལུང་པས་མུ་མཐུད་རྫུན་བཤད་དོན། ༧གོང་ས་མཆོག་འདི་ལྟར་འཛམ་གླིང་ན་གྲགས་པས་ཁྱབ་པ་འདི་ཡང་དབུ་མའི་ལམ་གྱི་སྲིད་ཇུས་ལ་བརྟེན་ནས་བྱུང་བ་རེད་ཟེར། འདི་ཡང་གཞི་རྩ་བྲལ་བའི་རྫུན་གཏམ་སྨྱོན་པའི་ལབ་རྡོལ་ལྟ་བུ་ལས་དོན་དག་བདེན་པ་ལ་ཕྱོགས་པའི་གཏམ་ཞིག་ཡེ་ནས་མ་རེད། ༧གོང་ས་མཆོག་ལ་འདི་ལྟར་སྙན་གྲགས་བྱུང་བ་ནི་ནང་ཆོས་རིན་པོ་ཆེ་ཁོ་ནའི་བཀའ་དྲིན་ལས། དབུ་མའི་ལམ་དང་དེ་ཙམ་འབྲེལ་བ་ཡོད་ཚོད་མི་འདུག ༧གོང་ས་མཆོག་གི་ནང་ཆོས་ཀྱི་ལྟ་གྲུབ་གཞི་རྩ་བྱས་ནས་འཚེ་མེད་ཞི་བའི་ལྟ་གྲུབ་འཛིན་སྐྱོང་སྤེལ་གསུམ་བྱས་དང་བྱེད་བཞིན་གྱིས་ཞི་བདེའི་གཟེངས་རྟགས་སོགས་ཆེ་བསྟོད་དང་ཆེ་མཐོང་བྱུང་བ་ལས་དབུ་མའི་ལམ་དང་འབྲེལ་བ་ག་བ་འདུག གལ་སྲིད་༧གོང་ས་མཆོག་གིས་འཚེ་མེད་ཞི་བའི་ལྟ་གྲུབ་གཞི་རྩར་བྱས་ཏེ་རང་བཙན་དགོས་འདུན་སྟོན་ཞོར་འཚེ་མེད་ཞི་བའི་ལྟ་གྲུབ་ཁྱབ་སྤེལ་བཏང་བ་ཡིན་ནའང་། སྙན་གྲགས་དང་གཟེངས་བསྟོད་འདི་བཞིན་ཡོང་རྒྱུ་ཡིན་པ་ལོང་བས་བལྟས་ཀྱང་ཁམས་གསུམ་རེད། དེ་བཞིན་བོད་ཀྱི་བླ་མ་སུ་ཞིག་ལ་མཚན་སྙན་ཏོག་ཙམ་ཡོད་ནའང་། ནང་ཆོས་རིན་པོ་ཆེའི་བཀའ་དྲིན་ཉག་ཅིག་ལས་ཆབ་སྲིད་དང་འབྲེལ་ཏེ་བྱུང་ཞིག་མིན་པ་གོ་དགོས།
དངོས་ཡོད་ཀྱི་བདེན་དོན་འདི་ལྟར་ལགས་མོད། ཐུབ་ལུང་འབོད་པས་རྫུན་གཏམ་འདི་ལྟར་བཤད་དོན་ཅི་ཡིན་ནམ། འདི་ལ་རྒྱུ་རྐྱེན་གསུམ་ཞིག་ཡོད། དང་པོ་བརྒྱད་བཅུ་རྒན་པོ་ཐུབ་ལུང་ཧོན་ལོག་པའི་འཆལ་གཏམ་བཤད་པའམ། ཡང་ན་ལོ་གསུམ་གྱི་བྱིས་པ་ཐུབ་ལུང་བསམ་བློའི་མ་ཟིན་པའི་བྱིས་གཏམ་བཤད་པ། དེ་མིན་ན་རང་བཙན་དང་དབུ་མའི་བར་ལ་དཀྲུགས་གཏམ་བཤད་པ་གསུམ་ལས་འགྲོ་ས་མེད་པ་མཐོང་། འདི་ལྟ་བུའི་དཀྲུགས་ཤིང་སློང་མཁན་མང་ཆེ་བ་དེ་༧གོང་ས་མཆོག་དང་ཆིག་སྒྲིལ་ཁ་ལ་ཁུར་ཏེ་ཡོང་བ་མངོན་པ་བཞིན། ཐུབ་ལུང་འདི་པ་ཡང་དེ་དང་འདྲ་བར༧གོང་ས་མཆོག་དང་ཆིག་སྒྲིལ་ཁ་ལ་ཁུར་ཏེ་དཀྲུགས་ཤིང་སློང་བའམ་དཀྲུགས་ཚོགས་འགའ་ཡི་ལག་ཆར་ཆགས་ཀྱི་མེད་དམ་སྙམ་པ་བཅས།