སྤྱི་རྒྱུ་སྒེར་བདག་དང་ངན་རེངས་ཟླ་ཚེ།

དུས་ཀྱི་སྒལ་ཚིགས་འགའ་ཡི་ཡར་སྔོན་གྱི་ཉིན་མོ་ཞིག་ལ། ཞུ་སྦྱོར་སྔ་མ་ཡབ་ཆེན་པ་སངས་ཚེ་དབང་དང་། གྱོད་ཡ་སྤྱི་འཐུས་ཟླ་བ་ཚེ་རིང་གཉིས་གཞུང་དངུལ་ས་ཁང་གི་ཆེད་དུ་གྱོད་བཤད་གཏུགས་བཤེར་བྱས་པ་ན། རང་གཞུང་ཁྲིམས་ཁང་གི་ལས་ལ་དེའི་ཡན་མེད་པ་ཁྲིམས་དོན་ཐག་གཅོད་ལ་དབང་བའི་ཆེན་པོ་ཁྲིམས་ཀྱི་ཞིབ་དཔྱོད་པ། བྱ་དོར་བསོད་ནམས་བཟང་པོས་ངན་རེངས་ལ་མགོ་མི་སྒུར་ཞིང་ཉམས་ཆུང་ལ་རྡོག་པས་མི་མནན་པའི་ཁྲིམས་ཀྱི་དྲང་ཐིག་གནས་ལུགས་ཀྱི་ཐང་ལ་ཤེད་ཀྱིས་བཏབ་པས། ཐིག་ཤིང་ཐང་ལ་གཞག་ན་སྒུར་པོ་ལྷང་ལ་བུད་པའི་དཔེ་ལྟར་སྤྱི་འཐུས་ཟླ་བ་ཚེ་རིང་གི་ངན་མཚང་ནང་སྙིང་ཡོད་ཚད་དམར་དམར་རྗེན་རྗེན་དུ་སྤྱི་ཚོགས་ཀྱི་མདུན་དུ་བྱོ་བ་ལ། གནས་ལུགས་དང་ཁྲིམས་ཀྱི་མདུན་ནས་ཕམ་ཞིང་རབ་ཏུ་ཕམ་པའི་ཟླ་ཚེས་མགོ་བོ་གྱང་ལ་རྡེབ་ཅིང་བྲང་ལ་སྦར་ཤད་བྱེད་ཞོར་ངུད་མོ་ཆེས་ཆེར་འབྱིན་ཞིང་འདུག་སྐད་དོ།

གནའ་མི་གྱི་དྲང་སྲོང་རྣམས་ནི་ཁྲིམས་ལ་བཀུར་ཞིང་ཁྲེལ་ལ་གནས་པས། གཟུ་ར་སླག་ཅན་གྱིས་བཅད་པ་དེ། སྟག་ཐུལ་ཅན་གྱིས་སྣོག་རྒྱུ་མེད་པའི་གནས་ལུགས་དང་དམ་བཅའ་འདིའི་ས་ཚིགས་ལས་མི་བརྒལ་ཞིང་། གལ་སྲིད་ས་ཚིགས་དེ་ལས་བརྒལ་ན་དམ་པ་མི་ཡི་རིན་ཐང་ཉམས་ཤིང་མིས་ཁྲེལ་རང་སྡུག་གི་གཞི་ལས་ཁེ་དང་རྒྱལ་ཁའི་གཞི་ནི་གཏན་ནས་མེད་དོ།
དེ་ལྟར་ནའང་ཁྱི་ལ་སེངྒེའི་མིང་གིས་རྒྱན་པའི་ཐད་སྤྱི་ཟླ་ཚེས། གནས་ལུགས་ནི་ཕྲུ་མ་བཞིན་བསྐྱུར་ཞིང་ཁྲིམས་སྒྲིག་ཀྱང་འཕོངས་ཕྱིས་ཀྱི་རྡོ་བཞིན་རྒྱང་རིང་རྒྱང་རིང་དུ་དོར་ནས། དངུལ་དངོས་ལྐོག་རྫོངས་ཀྱི་ཧམ་སེམས་མེ་ལྟར་འབར་བཞིན། ངན་ཤེད་སྒབ་རལ་གྱི་དཔུང་པ་དགུང་ལ་འཕྱར་བཞིན་བཙན་བྱོལ་བོད་མིའི་མང་གཙོའི་ཀ་བར་གྲགས་པའི་ཆེ་མཐོའི་ཁྲིམས་ཞིབ་ཁང་ཡང་གནས་ཡུལ་གྱི་ཁྲིམས་ཁང་ཆེན་མོར་བཙན་གྱིས་དེད་ཅིང་ཤུགས་ཀྱིས་བརྫངས་སོ།

ཁ་མཆུ་གྱོད་དོན་དེའི་ཆེད་དུ་བཙན་བྱོལ་བོད་མིའི་བང་མཛོད་ནས་གཏོང་སྒོའི་འགྲོ་གྲོན་ནི་རྒྱ་ཆེ་རྒྱུན་རིང་གི་གནས་སུ་ལྷུང་། སྐབས་ཤིག་ལ་བོན་པོའི་སྤྱི་འཐུས་དགེ་བཤེས་གཡུང་དྲུང་རྒྱལ་མཚན་ནས་བཙན་བྱོལ་བོད་མིའི་ཆེ་མཐོའི་ཁྲིམས་ཞིབ་པ་མི་སྒེར་གྱིས་ཁྲིམས་ལ་སྦྱར་བར་དགོངས་ཚུལ་ཅི་ཡོད་ཀྱི་དྲི་བ་བཀའ་ཤག་ལ་ཕུལ་བར། བོད་མིའི་རྣམས་ཀྱི་མགོ་ཐོག་ན་འཕུར་ཞིང་གྲལ་མགོ་ན་འགྱིང་བའི་ཟམ་གདོང་ཟེར་བའི་བཀའ་ཁྲི་དེས། སྒེར་གྱི་རྩོད་རྙོག་ལས་གཞུང་དང་མི་སྒེར་ཁྲིམས་ཁང་དུ་ཁ་མཆུ་ཡོད་སྐོར་གོ་རྟོགས་མེད་ཚུལ་གྱི་བཀའ་ལན་གོམ་གསུམ་མི་འཁྱོལ་བ་ཞིག་གནང་། འདི་ནི་རྣམ་ཀུན་ངན་ལོབ་ཏུ་སོང་བའི་གཡས་པར་སྤྱན་དང་གཡོན་པར་མིག་ཏུ་ལྟ་བའི་ལྟ་སྟངས་དེའི་ཐོག་ནས་བལྟས་ཤིང་གསུངས་པ་ལས་ཕན་དུ་གནས་ལུགས་ཤིག་བཙལ་ཀྱང་རྙེད་དུ་མེད་པ་ནི། མི་གཤིས་ཀྱི་རྒྱས་བཏབ་ཅིང་ལོ་རྒྱུས་ཀྱི་དཔང་ཐུབ་པ་ཞིག་གོ
༢༠༠༨ ལོར་སྤྱི་འཐུས་ནང་ཁུལ་རྙོག་གྲ་བྱུང་སྐབས་ཁ་ཚིག་ཁོག་ཤེས་ཅུང་མངོན་མཐོ་ཡིན་པའི་བོན་པོའི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐའ་ཕྱིན་ནས། སྤྱི་རྒྱུ་སྒེར་བདག་བྱས་པའི་མི་ཡང་གྲོས་ཚོགས་ར་བ་འདིའི་ནང་དུ་ཡོད་སྐོར་གྱི་དངོས་དོན་འགའ་ཞིག་གླེང་བར། ཐད་སྤྱི་ཟླ་ཚེས་དཔུང་པ་སོག་འདབས་སུ་བརྫེས་ཤིང་སྐད་མགོ་མཐོ་རུ་བཏང་ནས་བཙན་ཡ་མེད་ཀྱི་སྡིགས་གཏམ་ཅི་ཞིག་བཤད་པ། མིག་ལམ་ནས་ཡལ་ཐབས་མི་འདུག་ལ་དྲན་ངོགས་ནས་བརྗེད་ཐབས་ཀྱང་མི་འདུག

༢༠༠༩ ཡི་བཙན་བྱོལ་བོད་གཞུང་གི་བྱུང་སོང་བསྡད་གསུམ་གྱི་རྩིས་བཤེར་སྐབས་ཀྱི་འཕྲོས་བཤད་ཅིག་ལ། མདོ་སྟོད་སྤྱི་འཐུས་ཨོ་རྒྱན་སྟོབས་རྒྱལ་གྱིས་གླེང་སློང་དང་སླར་ཡང་དགེ་བཤེས་སྨོན་ལམ་མཐའ་ཕྱིན་ནས། གཞུང་འབྲེལ་གསར་ཤོག་ཅིག་གི་ནང་དུ་བོད་གཞུང་ལ་ཁ་མཆུའི་རྒྱལ་ཁ་ཐོབ་པ་བཤད་ཡོད་ངེས་གཏན་ཡིན་ན། རྒྱལ་ཁ་ཐོབ་ཚུལ་ཇི་ལྟར་ཡིན་སྐོར་དང་། གལ་སྲིད་གཞུང་དང་མི་སྒེར་གྱི་བར་ལ་ཁ་མཆུ་ཐུག་པ་མིན་ན། གཞུང་གིས་འགྲོ་གྲོན་བཏང་ནས་གྱོད་ཡ་བྱེད་དོན་ཅི་ཡིན་སོགས་རྣོ་ཞིང་གནད་ལ་གཟིར་བའི་དྲི་བ་ཁག་ཅིག་བཀའ་ཤག་ལ་འཕངས་པས། བཀའ་ཤག་ནས་རི་ལུགས་ཐག་སྡོམ་གྱི་ལན་སླར་ཡང་གོམ་གང་མི་འཁྱོལ་བ་ཞིག་བརྒྱབས་ནས་རྒན་པོ་མགོ་སེ་ལ་སྲུང་སྐྱོབས་བྱས་པ་རེད།

དོན་དུ་སྤྱི་རྒྱུ་སྒེར་བདག་བྱས་པའི་ཉེས་པ་དེ་བཀྲུས་ཀྱང་འདག་ཐབས་མེད་པར་ལུས་དང་གྲིབ་བཞིན་ཐད་སྤྱི་དང་ཁ་འབྲལ་ཐབས་མེད་ཀྱང་། གནས་ལུགས་ལ་ཟུར་འགྲོས་དང་བདེན་གཏམ་ལ་ཚིག་དཀྱོག་བཀོལ་བའི་བླ་རྒན་དབུ་སེ་མི་རྒན་མགོ་སེའི་མགོན་སྐྱབས་ཆགས་པ་དེ། རྐུན་མའི་འཕོངས་དེ་རྫུན་མས་བསྲུངས་ཟེར་བའི་གནའ་གཏམ་དེ་ཁས་བཤད་ཙམ་མ་ཡིན་པར་དོན་དངོས་སུ་སྐབས་དེ་དུས་གྱུར་བ་རེད། བཀའ་ཤག་སྔ་མའི་ལས་ཡུན་རྫོགས་པ་དང་སྲུང་སྐྱོབས་ཀྱི་ནུས་པ་ཡང་རང་བཞིན་གྱིས་ཡལ་བ་ལྟ་བུའི་གནས་ཡུལ་གཞུང་གི་བཅད་ཁྲ་ཡང་དེ་དེ་བཞིན་ཞིག་ལས། རྒྱུ་དངུལ་ལྐོག་རྫོངས་ཀྱི་ངོ་སོ་དྲང་བདེན་དང་གནས་ལུགས་ལས་མཐོ་བ་མིན་པའི་ཡང་དག་པའི་བཅད་ཁྲ་ཞིག་བཀའ་ཤག་དང་ཁྲིམས་ཞིབ་ཁང་སོགས་སུ་འབྱོར་བསྡད་ཡོད་སྐད་དོ།

འོན་ཀྱང་ཡིད་ཕངས་པ་ཞིག་ལ་ཐད་སྤྱི་ཟླ་ཚེའི་ཕྱོགས་གཏོགས་ཁྲིམས་ཞིབ་པ་ཞིག་ནས་གཡོན་ལྷུང་མཁྲེགས་འཛིན་གྱིས་བརྟུལ་ཞུགས་ལྷུར་བླངས་གནང་ནས། བདེན་པ་མི་གཙོ་ཞིང་དྲང་པོ་མི་གཙོ་ཡོད་ཚད་དངུལ་དངོས་དང་ཕྱོགས་སྒྲིག་ཁོ་ན་གཙོ་བའི་འདུ་ཤེས་ཀྱི་ལས་དོན་ཇི་བཞིན་ཐག་ཆོད་བྱུང་བར་འགོག་རྐྱེན་ཧ་ཅང་ཆེ་སྐད་དོ། འོན་ཀྱང་ཉམས་ཆུང་རྒན་པོ་ཕག་རི་ཤོ་ཟུར་ཡབ་ཆེན་པ་སངས་ཚེ་དབང་ནས་མི་ལོ་དུ་མར་སྡིགས་ར་དང་བརྙས་བཅོས་སོགས་བློ་ཡུལ་ལས་འགོང་བ་མྱོང་ཡང་ད་དུང་བདེན་པའི་མཐའ་སྐྱེལ་གནང་བའི་སྙིང་སྟོབས་དེ་ལ་ཕྱོགས་ཡོངས་ནས་གཞིགས་ན་བདེན་པ་ལ་ཡིད་ཆེས་ཡོད་པའི་མངོན་རྟགས་ཀྱི་མཚན་མ་ཅི་ཆེ་མངའ།

འཇིག་རྟེན་གྱི་ཁ་དཔེར། ཐང་ཤིང་ནས་ལོན་ཀྱང་ར་ལག་ནས་མི་ལོན་ཟེར་བའི་དཔེ་ལྟར། གནས་ཡུལ་གཞུང་གི་ཁྲིམས་ཁང་ནས་བདེན་པ་རྒྱལ་ཞིང་རྫུན་མ་ཕམ་པའི་དབྱེ་འབྱེད་ཀྱི་ཐག་བཅོད་གནང་བར་རང་གཞུང་ནས་ཇི་བཞིན་ལག་བསྟར་གནང་བ་གོང་ཞུས་ལྟར་གྱི་འགོག་རྐྱེན་ལས་ཐར་གྱིས་མེད་པ་རེད། ཡབ་ཆེན་པ་སངས་ཚེ་དབང་ནས་ད་རེའི་བདེན་རྫུན་དབྱེ་འབྱེད་ཀྱི་ཐག་ཆོད་ཇི་བཞིན་མ་བྱུང་ཚེ། སྐུ་ལུས་ཞུགས་སུ་འབུལ་རྒྱུའི་ཐ་ཚིགས་བསྒྲགས་པ་ཡང་རུལ་སུངས་ཀྱི་སྤྱི་ཚོགས་ལེགས་བཅོས་གཏང་བའི་རླབས་ཆེན་གྱི་དགོངས་གཞི་རྨ་མེད་པ་ཞིག་རེད།

རེད་དེ་དེ་ལྟ་བུ་བྱེད་ཐབས་མི་དགོས་པར་བདེན་དོན་དང་ཁྲིམས་ལུགས་ལ་དཔག་པའི་ཐག་ཆོད་ཡང་དག་ཅིག སྲིད་སྐྱོང་མཆོག་དང་ཚོགས་གཙོ་སྦྲེལ་བོ་ཁྲིམས་ཞིབ་པ་བཅས་ནས་ཡོང་ཐབས་ལ་འབད་དགོས། དེ་ལྟར་མིན་པར་སྔར་བཞིན་ངན་པ་རྒྱ་ཡན་དུ་བཏང་བ་ཡིན་ན། བཟང་སྤྱོད་དང་དྲང་བདེན་སོགས་གཞི་རྩ་བྲལ་བའི་རྫུན་གཏམ་རང་དུ་ཆགས་པ་རེད་པས། ཉི་མ་དེ་ནས་བཟུང་གཞི་རྩ་བྲལ་བའི་རྫུན་གཏམ་དེ་རིགས་ལ་རྩ་འཛིན་དང་ཡིད་ཆེས་བྱེད་ཐབས་བྲལ་བ་རེད། མདོར་ན་བཙན་བྱོལ་འདི་བཞིན་ཁྲིམས་ཀྱི་དབང་བསྒྱུར་འོག་འགྲོ་བ་ལས་གང་ཟག་གི་དབང་བསྒྱུར་འོག་འགྲོ་ཐལ་མི་དགོས་པ་ཞིག་གནང་གལ་ཆེ་བས། ཁྲིམས་གཙོའི་ཁྲིམས་དོན་ནང་ཉམས་བསྟར་བ་ལས་གང་ཟག་སྒེར་བཙན་དུ་མ་སོང་བ་ཞིག་ཡོང་ན་མ་ཡོང་ན་ད་རེའི་ཐག་ཆོད་རང་ལ་ཐུག་པ་རེད།