ང་ལ་ཞེན་ཆགས་མེད་ས་ཁྱོད་ཡིན།
༈ ང་ལ་ཞེན་ཆགས་ཤིག་མེད་ས་ཁྱོད་ཡིན།
སྤྲིན་པས་བར་སྣང་བརྒལ་ནས་ང་ལ་ལག་གཡུག་བྱས་སོང་། །
དུད་ཞགས་ནག་པོ་ལངས་ནས་སྤྲིན་པའི་སྐེ་རྩ་སྡོམ་བྱུང་། །
རྔུལ་ནག་སྟོང་གི་མིག་ཆུ་རྡོག་པའི་སྣེ་ལ་ཟག་སོང་། །
མ་འཇོན་བྲེལ་ལ་1འདི་ནི་སེམས་པ་འཁོར་ས་མ་རེད། །
རླུང་བུ་རི་ནས་ཆས་ཏེ་ང་ལ་རྒྱང་འབོད་བྱས་སོང་། །
ཚ་གདུང་མེ་ལྕེ་ལངས་ནས་རླུང་ལ་འཆིང་ཐག་རྒྱུག་བྱུང་། །
སེམས་པ་ཁོག་ལ་ཉལ་ནས་རྨུགས་པའི་སྔས་མགོ་བྱས་བྱུང་། །
མ་འཇོན་བྲེལ་ལ་འདི་ནི་སེམས་པ་འཁོར་ས་མ་རེད། །
གྲོགས་པོ་སྒོ་ལ་བུད་དེ་ང་ལ་མགྲོན་འབོད་བྱས་སོང་། །
ནག་མོ་དམར་ཧྲེང་ལངས་ནས་གྲོགས་ཀྱི་སྐེ་ནས་འཇུས་བྱུང་། །
ཤ་པགས་འདར་བའི་གསེང་ནས་རུས་པས་ཆོ་ངེ་སྒྲོག་བྱུང་། །
མ་འཇོན་བྲེལ་ལ་འདི་ནི་སེམས་པ་འཁོར་ས་མ་རེད། །
ཚོང་པས་གྲུང་གྲུང་བྱས་ནས་ང་ལ་སྣེ་ལེན་བྱས་སོང་། །
སེམས་པས་སྟོད་ལང་བྱས་ནས་དངུལ་ཁུག་ཉུག་ཉུག་བྱས་བྱུང་། །
འཛུམ་གྱི་མེ་ཏོག་ནང་གི་དུག་གི་ཚེར་མ་རིག་བྱུང་། །
མ་འཇོན་བྲེལ་ལ་འདི་ནི་སེམས་པ་འཁོར་ས་མ་རེད། །
ཕྲན་ཚེགས་ལས་ཀ་དུ་མས་འགུགས་འབོད་ཐེངས་དགུར་བྱུང་སོང་། །
མཚན་མའི་ཁྲོམ་རའི་གོང་ཚད་ཕྱུག་པོས་གནམ་ལ་བཀྱག་བྱུང་། །
ལྟག་ཆུ་ཆད་པའི་ཁུག་མ་ཡུན་རིང་འཚོ་ཚོད་མི་འདུག །
མ་འཇོན་བྲེལ་ལ་འདི་ནི་སེམས་པ་འཁོར་ས་མ་རེད། །
མི་དགོས་མགྲོན་འབོད་མི་དགོས་ལག་གཡུག་བསུ་མ་མི་དགོས། །
ཁྲག་དང་ཆུ་སེར་བཙགས་ནས་སྣེ་ལེན་ཞབས་ཞུ་མི་དགོས། །
ཟུངས་ཟད་ལུས་པོ་འདི་ནི་ཉམ་ཐག་མི་ལ་བསྔོས་ཡོད། །
ལས་འབྲེལ་མེད་པའི་ས་ནས་རང་ཉིད་གསོན་པོར་ལོག་འགྲོ །
༢༠༡༢་༨་༤ ཉིན་ལྡི་ལི་1བསམ་ཡས་གླིང་ནས་སྤེལ་ལོ།