རང་བཙན་དང་། ཆིག་བསྒྲིལ་མཉམ་གནས་ཐུབ་བམ།

སྤོམ་འབོར་སྒང་ལི་ཐང་ཕུན་ཚོགས་བཀྲ་ཤིས།
བོད་ཆོལ་ཁ་གསུམ་ཆིག་བསྒྲིལ་གྱིས་མཉམ་གནས་ཐུབ་ན་དགེ་མཚན་ཆེ་བ་ཡོད་དམ། དུམ་བུ་ཡ་བྲལ་དུ་ཕྱིན་ན་དགེ་མཚན་ཆེ། དོན་གནས་དངོས་ལ་བལྟས་ན། བོད་ཆོལ་ཁ་གསུམ་ཆིག་སྒྲིལ་གལ་གནད་ཆེ་བ་ཡིན་པར་ཐེ་ཚོམ་མེད་པར་བརྗོད་ཐུབ། དེས་ན་བོད་རང་བཙན་དང་།

བོད་ཆོལ་གསུམ་ཆིག་སྒྲིལ་གཉིས་མཉམ་གནས་ཡོང་ཐུབ་བམ། དེ་ནི་ཡོང་ཐབས་མེད་པ་ཞིག་རེད། རྒྱུ་མཚན་ནི། བོད་རང་བཙན་ཞེས་པའི་ཐ་སྙད་དེ་ག་དུས་བྱུང་བ་རེད། དེ་ནི་འདས་ཟིན་པའི་དུས་ཡུན་རིང་པོ་ཞིག་མིན་པར་༧རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོས་རྒྱ་གར་དབྱིན་གཞུང་ལ་སྐྱབས་བཅོལ་ཞུས་ནས་ཕྱི་ལོ་ ༡༩༡༣ ལོར་བོད་དུ་ཕྱིར་ཕེབས་སྐབས་བོད་རང་བཙན་ཡིན་ཞེས་གསལ་བསྒྲགས་གནང་བ་ཞིག་རེད། སྐབས་དེ་དུས་བོད་རང་བཙན་ཞེས་པའི་ཐ་སྙད་དེ་བོད་ཁམས་ཡོངས་ལ་ཁྱབ་པ་ཞིག་རེད་དམ།   དེ་ནི་རྩ་བ་ནས་མ་རེད། སྐབས་དེར་བོད་དུ་ཡོད་པའི་རྒྱ་དམག་རྣམས་མན་ཇུའི་གོང་མའི་ཕྱོགས་ཁག་དང་། རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་ཕྱོགས་གཉིས་སུ་གྱེས་ནས་ནང་འཁྲུག་གི་དུས་དང་བསྟུན་ནས་བོད་པས་རྒྱ་དམག་རྣམས་ཆབ་མདོ་བར་དུ་ཕྱིར་ཕུད་ཐུབ་ཙམ་བྱས་ནས་བཞག་ཡོད།

ཕྱི་ལོ་ ༡༩༡༤ ལོར་རྒྱ་གར་དབྱིན་གཞུང་གི་སྐུ་ཚབ་མེ་མོ་ཧེན་དང་། བོད་གཞུང་བཀའ་ཤག་གི་སྐུ་ཚབ་བཀའ་བློན་བཤད་སྒྲ་བ། རྒྱ་ནག་གི་སྐུ་ཚབ་ཨེ་བན་བཅས་ཀྱིས་སིམ་ལའི་ཆིངས་ཡིག་ཅེས་པ་ཞིག་བཞག་ཡོད། ཆིངས་ཡིག་དེའི་ནང་དུ་མེ་མོ་ཧེན་ས་ཐིག་ཅེས་འབྲི་ཆུ་ཤར་ནུབ་གཉིས་སུ་བགོས་ནས་ཤར་ཕྱོགས་ཀྱི་ཁམས་པ་ཡོངས་རྫོགས་དང་། ཨ་མདོ་ཡོངས་རྫོགས་བཅས་རྒྱ་ཡི་ཁོངས་སུ་བཞག་པ་རེད། དུས་དེ་ནས་བཟུང་ཕྱི་ལོ་༡༩༡༣ ནས་ཕྱི་ལོ་ ༡༩༥༩ ལོ་ཡི་བར་དུ་མི་ལོ་བཞི་བཅུ་ཞེ་ལྔ་ཡི་རིང་ལ་བོད་རང་བཙན་ཞེས་པ་དེ་དེ་འདྲ་ཞིག་གི་ངང་ནས་གནས་ཡོད།

ཕྱི་ལོ་ ༡༩༥༠ ཟླ་བ་ ༡༡ ཚེས་ ༧ ཉིན་བཀའ་ཤག་སྲིད་གཞུང་གིས་འཛམ་གླིང་རྒྱལ་ཚོགས་སུ་སྙན་ཞུ་ཞིག་ཕུལ་ཡོད་ཅིང་།   དེའི་ནང་དོན་ནི། རྒྱ་ཡི་དཔུང་དམག་རྣམས་ས་གནས་ཁག་མང་ནས་འབྲི་ཆུ་བརྒལ་བགྲོད་བྱས་ཤིང་། འབྲི་ཆུ་ནི་དུས་ཡུན་གང་འཚམས་རིང་རྒྱ་བོད་ཀྱི་ས་མཚམས་ཡིན་ཞེས་བྲིས་ཡོད། དུས་ཡུན་གང་འཚམས་ཞེས་པ་དེ་ནི་བོད་རང་བཙན་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་ནས་མཐར་རང་བཙན་མ་ཤོར་བར་གྱི་མི་ལོ་ཞེ་ལྔ་ཡི་རིང་རེད། ཕྱི་ལོ་ ༡༩༥༡ ཟླ་བ་ ༥ ཚེས་ ༢༣ ཉིན་བཀའ་ཤག་སྲིད་གཞུང་གི་སྐུ་ཚབ་འགའ་ཞིག་པེ་ཅིང་དུ་བསྐྱོད་ནས་གྲོས་མཐུན་དོན་ཚན་བཅུ་བདུན་ཞེས་པ་ཞིག་ཀྱང་བཞག་ཅིང་། དོན་མཚན་དེ་དག་གི་ནང་དུ་འབྲི་ཆུ་མན་ཆད་ཀྱི་ཁམས་དང་། ཨ་མདོ་གཉིས་ཀྱི་གནད་དོན་གླེང་སློང་བྱས་མེད། གལ་ཏེ་དོན་ཚན་བཅུ་བདུན་ཚུལ་བཞིན་ལག་བསྟར་ཐུབ་ཡོད་ན། ད་ཚོད་བོད་ཁམས་དེ་བཞིན་དུམ་བུ་གཉིས་སུ་གྱེས་ཏེ་འབྲི་ཆུ་མན་ཆད་ཀྱི་ཁམས་དང་། ཨ་མདོ་ཡོངས་རྫོགས་གུང་ཁྲན་ཏང་གི་འོག་ལ་རྩོད་མེད་གནས་ཡོད་ངེས་རེད། གནད་དོན་འདི་ཚོ་ལ་གཟིགས་ནས་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་བོད་ཁམས་ཡོངས་རྫོགས་ཆིག་སྒྲིལ་གལ་ཆེན་དགོངས་ནས་རང་བཙན་རྩོད་གླེང་མི་གནང་བར་བོད་ཆོལ་གསུམ་ཆིག་སྒྲིལ་རྩོད་ས་ཡོད་པའི་ལམ་དབུ་མར་ཕེབས་པ་ཞིག་ལོས་ཡིན། རྒྱུ་མཚན་དེ་ལྟར་ཡང་ད་དུང་ལམ་དབུ་མ་ལ་གྲུབ་འབྲས་དང་། དོན་སྙིང་མེད་རབས་ཀྱིས་སྐྱོན་འདོགས་བྱེད་པ་ནི། མིག་ཟུང་བཙུམ་པ་དང་། རྣ་གཉིས་བཀབ་པའི་སྐད་ཆ་ཞིག་གམ། ཡང་ན་ཆིག་སྒྲིལ་ལ་གཏོར་བཤིག་ཚབ་ཆེར་བཏང་བའི་ཆེད་གཉེར་གྱི་བྱ་བ་ཞིག་རེད། དབུ་མའི་ལམ་གྱིས་རྒྱ་ནག་གུང་ཁྲན་ཏང་རང་གིས་གཏན་འབེབས་བྱས་པའི་རྩ་ཁྲིམས་ཀྱི་ནང་དུ་གསལ་བའི་མི་རིགས་ཀྱི་ཐོབ་ཐང་ཁག་རྩོད་གླེང་བྱས་པར་བརྟེན་རྒྱ་གཞུང་གིས་རྒྱལ་སྤྱིའི་མདུན་དུ་དབུ་མའི་ལམ་གྱི་དགོས་འདུན་ཁག་ལ་འདི་ཡིན་དེ་མིན་གྱི་ལན་འདེབས་གསལ་པོ་ཞིག་བྱེད་ཐུབ་ཀྱི་མེད།

དེར་བརྟེན་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགོ་གཙོ་ཀྲུའུ་ཝེ་ཆུན་གྱིས་རྩ་ཁྲིམས་ནང་གསལ་བའི་མི་རིགས་ཀྱི་ཐོབ་ཐང་ཁག་ཕྱིར་བསྡུ་བྱེད་དགོས་ཞེས་བརྗོད་དགོས་ཐུག་ཡོད། འདི་དག་ནི་དབུ་མའི་ལམ་གྱི་གྲུབ་འབྲས་དང་། དབུ་མའི་ལམ་ལ་དོན་སྙིང་གལ་ཆེན་ག་ཚོད་ཡོད་མེད་ཀྱི་མཚོན་དོན་ཞིག་རེད། ཡང་སྔོན་ལོར་དགའ་ལྡན་ཕོ་བྲང་གིས་སྲིད་དབང་རྩིས་སྤྲོད་མཛད་སྐབས་བཀའ་ཟུར་མཁས་ཟམ་གདོང་རིན་པོ་ཆེས་གསུངས་དོན།    ༧གོང་ས་མཆོག་གི་དགོངས་གཞི་ལས་ལྡོག་སྟེ་ལོག་ལམ་དུ་ཕྱིན་ན་འབྱུང་འགྱུར་བོད་མི་རིགས་ཀྱི་ལས་དབང་ཇི་འགྱུར་བརྗོད་དཀའ་ཞེས་གསུངས་པ་དེ་ནི། གོང་དུ་བགྲང་ཟིན་པའི་བོད་ཀྱི་ལོ་རྒྱུས་དེ་ཚོ་ལ་དགོངས་ནས་བསྡོམས་ཚིག་གལ་ཆེན་ཞིག་གནང་བ་མ་རེད་དམ། སྤྱིར་བཙན་བྱོལ་ནང་གི་ཚོགས་པ་འདྲ་མིན་ཁག་དང་། བོད་མི་མང་སྤྱི་འཐུས་ཚོ་ལ་དེ་བས་ཀྱང་ལམ་དབུ་མ་ལ་སྐྱོན་བརྗོད་དང་། འགལ་ཟླ་བྱེད་དབང་མེད་པ་ཞིག་རེད།  རྒྱུ་མཚན་གང་ཡིན་ཞེ་ན།  དབུ་མའི་ལམ་གྱི་བྱུང་རིམ་ལ་བལྟས་པའི་སྐབས་སུ་ཕྱི་ལོ་ ༡༩༨༧ ལོར་ཨ་རིའི་གྲོས་ཚོགས་སུ་ཞི་བའི་དོན་ཚན་ལྔ་དང་། ཕྱི་ལོ་ ༡༩༨༨ ལོར་ཡོ་རོབ་གྲོས་ཚོགས་སུ་རྒྱས་བཤད་གནང་བའི་སི་ཏྲས་སི་སྦག་གི་གསུངས་བཤད་ཅེས་བརྗོད་པ་ཁག་ལ་ཕྱི་ལོ་༡༩༨༨ ཟླ་བ་ ༦ ཚེས་ ༦ ནས་ཚེས་ ༩ ཡི་བར་དུ་ཉིན་བཞིའི་རིང་རྡ་རམ་ས་ལ་བཀའ་ཤག་དང་། གཞུང་ཞབས་པ། རང་དབང་ཅན་གྱི་སྡེ་ཚན་ཁག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཡོངས་རྫོགས་ཀྱི་་སྐུ་ཚབ། གསར་འབྱོར་བའི་སྐུ་ཚབ་བཅས་བོད་གཞིས་བྱེས་གཉིས་ཀྱི་སྐུ་ཚབ་མཚོན་ངེས་རྐྱང་རྐྱང་ཚོགས་འཛོམས་གནང་སྟེ། བགྲོ་གླེང་མཐིལ་ཕྱིན་རྗེས་ཚོགས་ཕེབས་ཡོངས་ཀྱིས་སྤྱི་མོས་ཐོག་རྒྱབ་གཉེར་གནང་ཡོད། གལ་ཏེ་དབུ་མའི་ལམ་ལ་འདོད་མོས་མེད་ན་སྐབས་དེར་གསལ་བརྗོད་བྱས་ནས་ཚོགས་ཐོག་ནས་ཕྱིར་ཐོན་ཆོག་ཀྱང་ཕྱིར་མ་ཐོན་པ་དེ་རྒྱུ་མཚན་གང་ཡིན་ནམ། ཡང་ན་ཚོགས་ཐོག་དེར་དགག་བྱ་མ་གནང་བ་ཅི་ཡིན། ཚོགས་འདུ་རྒྱས་འཛོམས་སར་རྒྱབ་གཉེར་ཆ་ཚང་གནང་ཡོད་ཀྱང་། ཚོགས་རྭ་ནས་ཕྱིར་ཐོན་ཟིན་མཚམས་ད་དེ་ལ་རྒྱབ་སྐྱོར་མེད་པའི་སྐྱོན་བརྗོད་བྱེད་པ་ནི། ཁ་ཞེ་མ་མཚུངས་པ་དང་། ངོ་ལྐོག་རྒྱབ་མདུན་གྱི་ལས་བྱས་པ་རང་རེད།  ལྷག་དོན་དུ་ཕྱི་ལོ་ ༡༩༩༧ ཟླ་བ་ ༩ ཚེས་ ༡༨ ཉིན་བོད་མི་མང་གི་སྤྱི་འཐུས་ལྷན་ཚོགས་ཀྱིས་༧གོང་ས་མཆོག་གིས་རྒྱལ་སྤྱིའི་གནས་བབ་ལ་གཟིགས་ནས་དུས་ནས་དུས་སུ་ཐག་གཅོད་མཛད་གནང་ཡོང་བ་དང་། དེ་ལ་མང་མོས་འོས་བསྡུའི་ལམ་ནས་ཐག་གཅོད་བྱུང་བ་དང་གཅིག་གྱུར་བརྩི་རྒྱུ་ཡིན་པའི་སྤྱི་མོས་གྲོས་ཆོད་བཞག་ཡོད། དེ་ལ་གྲོས་ཚོགས་ཀྱི་འཐུས་མི་རང་ཉིད་ཀྱི་ངོས་ནས་བརྩི་སྲུང་མ་བྱས་ན་རང་གིས་བཟོས་པའི་ཁྲིམས་ལ་རང་ཉིད་ཀྱིས་བརྩིས་མེད་ནུས་མེད་བྱས་པ་མ་རེད་དམ།  དེ་བས་ཀྱང་བོད་གཞུང་ཕྱིར་བསྡུ་ཟིན་པ་དང་། དཔྱ་ཁྲལ་གྱི་དངུལ་ཡང་སྐར་མ་གང་ཕུལ་རྒྱུ་མིན་ཟེར་ནས་ནས་དམ་བཅའ་འཇོག་མཁན་ཚོ་དང་བོད་མང་སྤྱི་འཐུས་ཚོ་དཔུང་པ་མཉམ་གཤིག་བྱས་ནས་རང་ཉིད་སྡོད་སའི་རྐུབ་སྟེགས་ལ་སྐྱོན་བརྗོད་བྱེད་པ་ནི་ཡ་ཚན་ཆེན་པོ་རེད། གལ་ཏེ་སྔོན་ལོར་༧གོང་མཆོག་གིས་གྲོས་ཚོགས་སུ་བསྩལ་བའི་གསུངས་འཕྲིན་གྱི་ནང་དུ་གསལ་བ་ལྟར། དབུ་མའི་ལམ་ལས་གཞན་པའི་ཐབས་ལམ་གཞན་ཞིག་སྦྱོར་དངོས་རྗེས་གསུམ་ཚང་བ་ཞིག་ཡོད་ན་སྟོན་ཤོག་ཅེས་བཀའ་གནང་ཡང་། གྲོས་ཚོགས་དང་། ཚོགས་སྡེ་འདྲ་མིན་སུ་ཞིག་ལའང་དབུ་མའི་ལམ་ལས་གཞན་པའི་སྦྱོར་དངོས་རྗེས་གསུམ་ཚང་བའི་ཐབས་ལམ་ཞིག་བསྟན་ཐུབ་མཁན་བྱུང་མེད།  སྤྱི་འཐུས་ལྷན་ཚོགས་ཀྱིས་བཞག་པའི་གྲོས་ཆོད་སྔ་རྗེས་ཀྱི་ནང་དུ་གསལ་བའི་ཆབ་སྲིད་ཀྱི་གནད་དོན་འདི་དག་ཁྲིམས་ལུགས་དང་མཐུན་པའི་སྒོ་ནས་འགྱུར་བ་མ་ཕྱིན་བར་དུ་གྲོས་ཚོགས་ཀྱི་འཐུས་མི་ཚོ་ཁྲིམས་ཀྱི་རྭ་བ་དེ་ལས་བརྒལ་ཏེ་སྐད་ཆ་འདྲ་མིན་བཤད་སྟངས་དེ་ནི་ལུགས་དང་མཐུན་པ་ཞིག་ཨེ་ཡིན་ནམ། དེས་ན་བོད་ཁམས་ཡོངས་རྫོགས་ཆིག་བསྒྲིལ་དང་། ཆོས་དང་། རིག་གཞུང་སྲུང་སྐྱོབ་ཐུབ་པ་ལ་མེད་དུ་མི་རུང་བ་ནི་དབུ་མའི་ལམ་གཅིག་པུ་ལས་གཞན་གང་ཡང་མེད་པར་གསལ་པོར་ཆགས་ཟིན། འོན་ཀྱང་ད་དུང་ཆ་མ་ཚང་བའི་རྒྱལ་ཚོགས་སུ་ཕུལ་བའི་སྙན་ཞུ་ཁག་གི་རྗེས་འབྲེལ་གྱི་གྲོས་ཆོད་དང་། བོད་ཁམས་གཅིག་གྱུར་མེད་པའི་༧རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པའི་དུས་སྐབས་ཀྱི་བོད་རང་བཙན་ལོ་བརྒྱ་འཁོར་བར་དྲན་གསོ་དང་། སྐྱར་གསོ་བྱ་རྒྱའི་རང་བཙན་གྱི་ཚོགས་འདུ་དང་། ཁས་ལེན་དམ་བཅའ་ཇི་ཙམ་ཞིག་གནང་ཡང་བོད་ཁམས་གཅིག་གྱུར་དང་། དོན་སྙིང་ལྡན་པའི་གྲུབ་འབྲས་དང་། སྦྱོར་དངོས་རྗེས་གསུམ་ཚང་བའི་ཐབས་ལམ། བཅས་ད་བར་དུ་བྱུང་མྱོང་མེད་ལ་མ་འོང་པ་ཡང་ཡོང་ཐུབ་ཐབས་མེད་པར་མཐོང་ཆོས་སུ་གྱུར་ཟིན།

མདོར་ན། ཁྲིམས་བཟོ་ལྷན་ཚོགས་ཀྱི་འཐུས་མི་ཚོས་ཁྲིམས་ལུགས་ལ་བརྩི་སྲུང་དང་། ཕུགས་རྒྱང་རིང་པོའི་མི་མང་གི་ཁེ་ཕན་གཙོར་བཟུང་གིས་མི་མང་ལ་ཁྲིམས་ལུགས་ནང་གསལ་བའི་གནད་དོན་ཁག་གསལ་པོར་འགྲེལ་བརྗོད་ཀྱིས་མི་མང་གིས་འགོ་ཁྲིད་དགོས་པ་ལས། ཚོགས་སྡེ་འདྲ་མིན་མཉམ་དུ་ཁྲིམས་ལུགས་ལ་རྩིས་མེད་དང་། གཞུང་གི་རྐུབ་སྟེགས་ཐོག་སྡོད་བཞིན་དུ་གཞུང་ཕྱིར་བསྡུ་ཟིན་པ་རེད་ཅེས་ཁ་དབྱངས་མཉམ་སྒྲོག་བྱེད་པ་དེ་དག་ནི་མི་མང་གིས་བདམས་པའི་གྲོས་ཚོགས་ཀྱི་འཐུས་མིའི་ལས་འགན་ཞིག་རྩ་བ་ནས་ཡིན་མི་སྲིད།  དེས་ན་ད་ལྟའི་དངོས་དོན་དང་། སྔོན་གྱི་ལོ་རྒྱུས་བཅས་ལ་བལྟས་ན།  བོད་ཁམས་གཅིག་གྱུར་དང་། རང་བཙན་གཉིས་མཉམ་གནས་ཡོང་ཐབས་མེད་པ་ཞིག་རེད་ཅེས་བརྗོད་ཀྱི་ཡིན།

ཕྱི་ལོ་ ༢༠༡༢ ཟླ་བ་ ༩ ཚེས་ ༩ ཉིན་བྲིས།