སྲིད་སྐྱོང་ཞེས་པའི་གལ་གནད་ལ་བལྟ་བ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༠༥ ཕྱི་ལོ་ ༢༠༡༢/༩/༢༦
བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་བཞི་པའི་ཐོག་བཀའ་བློན་ཁྲི་པ་ཞེས་པའི་མཚན་དེ་སྤྱི་མོས་ཀྱིས་སྲིད་སྐྱོང་དུ་བསྒྱུར་ཡོད་པ་རེད། དེ་ལྟར་བསྒྱུར་དགོས་པའི་རྒྱུ་མཚན་གཙོ་བོ་དེ་༧གོང་ས་༧མཆོག་གིས་ཕྱི་ལོ་༢༠༡༡ ཟླ་༨ ཚེས་༨ ཉིན་ཆབ་སྲིད་ཀྱི་སྐུ་དབང་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་ལ་རྩིས་ལ་འབུལ་གནང་བའི་སྐབས།
ང་རང་ལོ་བཅུ་དྲུག་སྐབས་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ཆབ་སྲིད་ཀྱི་དབང་ཆ་རྩིས་ལེན་ཞུས་པ་ཡིན། ད་ཆ་ལོ་དྲུག་ཅུ་ཕྱིན་པའི་རྗེས་ལ་མང་གཙོའི་ཐོག་ནས་འོས་འདེམས་བྱས་པའི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་སྲིད་སྐྱོང་གསར་པ་ཆགས་ཡོད། མང་གཙོའི་མཚན་ཉིད་ཚང་བའི་ཐོག་ནས་འོས་འདེམས་བྱས་ཏེ་ཐོན་པའི་འགོ་ཁྲིད་ལ་སྲིད་ཀྱི་དབང་ཆ་རྩིས་འབུལ་ཞུ་བ་འདི་དངོས་གནས་རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན་ཟེར་བའི་དོན་དག་གཅིག་འདི་ཆགས་ཡོད། ཅེས་སོགས་སྔ་རྗེས་ཡང་ཡང་ལམ་སྟོན་གནང་བར་བརྟེན་བཅའ་ཁྲིམས་ལ་བསྒྱུར་བཅོས་སོང་བ་ཞིག་རེད།
སྲིད་སྐྱོང་ཞེས་པའི་མིང་ཚིག་དེ་ནི་བོད་ཀྱི་ལོ་རྒྱུས་ནང་དགའ་ལྡན་ཕོ་བྲང་གི་སྲིད་དབང་འཛིན་མཁན་གཙོ་བོའི་མིང་ཡིན་པ་དང། དེང་དུས་འཛམ་གླིང་གི་ཡུལ་གྲུ་མང་པོའི་ནང་དུ་ཆེ་བ་རྒྱལ་ཁབ་རིམ་པའི་སྲིད་དབང་འཛིན་མཁན་དང། ཆུང་བ་ས་གནས་ཀྱི་རིམ་པའི་སྲིད་དབང་འཛིན་མཁན་དུ་གོ་ཆོག་པའི་མིང་ཚིག་ཅིག་ཡིན། ༧གོང་ས་མཆོག་གིས་དགའ་ལྡན་ཕོ་བྲང་གི་སྲིད་དབང་ཕྱིར་བསྡུ་གནང་ཟིན་ནའང། རྒྱལ་དབང་སྐུ་ཕྲེང་བདུན་པའི་སྐབས་སུ་བཀའ་ཤག་གསར་འཛུགས་གནང་བའི་སྐབས་ཀྱི་བཀའ་ཐམ་“སྲིད་ཞིའི་བདེ་སྐྱིད་མ་”ཞེས་པ་དེ་ཡང་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་སྲིད་སྐྱོང་གསར་པ་བློ་བཟང་སེང་གེར་རྩིས་འབུལ་གནང་ཡོད་པ་མ་ཟད། དེའི་སྔོན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྒྱུར་བཅོས་དང་འབྲེལ། བཅའ་ཁྲིམས་ཀྱི་སྔོན་གླེང་དུ་བོད་མིའི་སྒྲིག་འཛུགས་དེ་ཉིད་བོད་རྒྱལ་གཉའ་ཁྲི་བཙན་པོ་ནས་བརྒྱུད་པ་བར་མ་ཆད་དུ་བྱུང་བའི་བོད་ཀྱི་ཁྲིམས་མཐུན་གྱི་གཞུང་ཁོ་ན་དེ་ཡིན་པ་གསལ་སྟོན་གནང་ཡོད་པ་རེད།
སྲིད་སྐྱོང་གི་སྐོར་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་བགྲོ་གླེང་མང་པོ་བྱུང་བའི་མཐར་དགག་བྱ་བྱེད་མཁན་གཅིག་ཀྱང་བྱུང་མེད་པར་སྤྱི་མོས་ཀྱིས་གཏན་འབེབས་བྱས་པ་དེ་ཡང། བོད་ཀྱི་ཁྲིམས་མཐུན་གྱི་གཞུང་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཀྱི་ངོ་བོ་ལ་འགྱུར་བ་ཆེན་པོ་ཞིག་སོང་ཡོད་ཀྱང། ལོ་རྒྱུས་ཀྱི་རྒྱུན་དང། ཁྲིམས་མཐུན་གྱི་རྒྱུན་དེ་གཏན་ནས་མ་ཉམས་པར་མུ་མཐུད་གནས་ཡོད་པས། གལ་གནད་ཆེ་བའི་ཆབ་སྲིད་ཀྱི་མིང་ཚིག་གཅིག་ཡིན་ཡང། མུ་མཐུད་རྒྱུན་གནས་བྱེད་དགོས་པ་གལ་ཆེ་བར་དམིགས་ཡོད་པ་དང། ༧གོང་ས་མཆོག་གིས་ཡང་ཡང་ལམ་སྟོན་གནང་བའི་དགོས་པའི་རྒྱུ་མཚན་ཡང་གནད་དོན་འདི་ཁོ་ན་ལ་དམིགས་ཡོད་པ་ཧ་ཅང་གསལ་པོ་རེད། དེར་བརྟེན་སྲིད་སྐྱོང་ཞེས་ལོ་རྒྱུས་དང་འབྲེལ་བ་ཡོད་པ་མ་ཟད། ཆབ་སྲིད་ཀྱི་རྒྱབ་ལྗོངས་ངེས་ཅན་ཡོད་པའི་མིང་ཚིག་འདི་ཉིད་རྒྱུན་འཛིན་བྱེད་ཐུབ་པ་འདི་ཡང་ལོ་རྒྱུས་ཀྱི་དགོས་མཁོ་ཉག་གཅིག་ཏུ་གྱུར་ཡོད།
རྒྱ་དམར་དྲག་པོའི་གཞུང་གིས་ལོ་རྒྱུས་ལ་བཟོ་བཅོས་དང་དངོས་ཡོད་གནས་ཚུལ་ལ་འཁྱོག་བཤད་ཇི་ལྟར་བྱས་ཀྱང། དོན་དམ་པར་བོད་མི་རིགས་ཀྱི་སེམས་ཁོང་དུ་ཡོད་པའི་བོད་པའི་གཞུང་ཉག་གཅིག་ཡོད་པ་ནི། བཙན་བྱོལ་དུ་ཡོད་པའི་བོད་པའི་སྒྲིག་འཛུགས་འདི་ཉིད་ཡིན་པ་དང། བོད་མི་རིགས་ཀྱི་སེམས་ནང་གི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཉག་གཅིག་ཡོད་པ་དེ་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཉག་གཅིག་ཡིན། ༧གོང་ས་མཆོག་ཞལ་བཞུགས་པའི་སྐབས་སུ་ཆབ་སྲིད་ཀྱི་མཛད་འགན་དེ་མི་མང་གིས་འོས་འདེམས་བྱས་པའི་སྲིད་སྐྱོང་ལ་རྩིས་སྤྲོད་གནང་ཡོད་པ་མ་ཟད། གཞིས་བཞུགས་རྒྱ་ཆེའི་མི་མང་གིས་ཀྱང་སྲིད་སྐྱོང་པ་མཁས་དབང་བློ་བཟང་སེང་གེ་མཆོག་ལ་གུས་བརྩི་དང་དགའ་བསུ་ཚད་མེད་ཞུ་བཞིན་ཡོད།
གནད་དོན་འདི་དག་༧གོང་ས་མཆོག་ཞལ་བཞུགས་པའི་སྐབས་ནས་ཐག་གཅོད་གནང་བ་འདི་ལ་འཕྲལ་ཕུགས་རྒྱང་གསུམ་ནས་དགོས་མཁོ་ཆེན་པོ་ཡོད་པ་དང། ༧གོང་ས་མཆོག་གི་བཀའ་དྲིན་ཁོ་ན་ལ་བརྟེན་ནས་བོད་ཀྱི་བདེན་དོན་རྩོད་ལེན་གྱི་ཆེད་དུ་གཞིས་བྱེས་བོད་མི་ཡོངས་ཀྱི་སེམས་ནང་དུ་རེ་བ་དང་ཡིད་ཆེས་གསར་པ་ཞིག་སླེབས་ཡོད་ལ། རྒྱ་དམར་དྲག་གཞུང་གི་སེམས་ནང་དུའང་མི་འདོད་པའི་སེམས་ཁུར་ཆེན་པོ་ཞིག་ཏུ་གྱུར་ཡོད། དེར་བརྟེན་བོད་ཀྱི་འཐབ་རྩོད་དེ་མི་རབས་གསར་པས་རྒྱུན་འཛིན་བྱེད་ཐུབ་པ་དང། རྒྱ་ཆེ་ས་ནས་ཕྱོགས་བསྡོམས་བྱས་ན་གཞིས་བྱེས་གཉིས་ཀའི་འབོད་སྒྲ་གཅིག་དང། དགོས་འདུན་གཅིག་གི་ཐོག་ནས་༧གོང་ས་མཆོག་ཕོ་བྲང་པོ་ཏཱ་ལར་ཞབས་སོར་འཁོད་ཐུབ་པའི་ཉི་མ་ཞིག་ཀྱང་ཧ་ཅང་མི་འགྱང་བར་འཆར་སྲིད་པ་རེད།།
