ད་ལྟ་རྒྱ་ཡུལ་གུང་གསེང་། བོད་ཡུལ་དམ་དྲག
༢༠༡༢ཟླ་༩་ཚེས་༣༠ཉིན་རྒྱ་ནག་སོགས་ཤར་ཨེ་ཤ་ཡའི་ཁུལ་ཀྱི་སྲོལ་རྒྱུན་དུས་ཆེན་སྟོན་ཟླ་བར་མའི་བཅོ་ལྔ་ནི་ཟླ་མཆོད་དུས་ཆེན་ཡིན་པ་དང། ཕྱི་ཟླ་༡༠་ཚེས་༡་ནི་རྒྱ་ནག་གི་རྒྱལ་དུས་ཆེན་གཉིས་ད་ལོ་ཉིན་སྔ་ཕྱི་ཁེལ་ཡོད་པས། ད་ལྟ་རྒྱ་ནག་གིས་འཇའ་རྒོལ་ལས་སྤེལ་པའི་སྐབས་འདིར། རྒྱ་རིགས་ཆེན་པོས་མེས་རྒྱལ་ཀྱི་ལ་རྒྱ་དང་མཚན་སྙན་དང་ས་ཁོངས་བཅས་ལ་བསྲུང་སྐྱོབས་ཀྱི་ལས་འགུལ་མི་མང་ཁྲི་སྟོང་མང་པོས་རང་དབང་གིས་སྐད་འབོད།
ཁྲོམ་སྐོར། རྡུང་བཅག་འཕྲོག་གསུམ་སོགས་རྣམ་པ་འདྲ་མིན་གྱི་ཐོག་ནས་བྱེད་བཞིན་ཡོད་ནའང། གཟའ་མཇུག་མ་ཡིན་པའི་བདུན་ཕྲག་གཅིག་རིང་ལ་རྒྱ་ནག་གཞུང་འབྲེལ་གུང་གསེང་གཏོང་གི་ཡོད་པ་དང། བོད་ཁུལ་ལ་མཚོན་དུས་ཆེན་ཉིས་འགྲོས་དེའི་རིང་ལ་སྔར་བས་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག རིམ་པ་ཁག་གི་དྲག་ཆས་ཉེན་རྟོག་རུ་ཁག། སྤྱི་བདེ་ཉེན་རྟོག་རུ་ཁག ཛ་དྲག་ཉེན་རྟོག་དམག་དཔུང། མངག་གཏོང་ཚན་པ། མེ་གསོད་རུ་ཁག། འགྲིམ་འགུལ་ཉེ་རྟོག་རུ་ཁག་སོགས་ཀྱིས་ཉིན་མཚན་དབྱེར་མེད་ཀྱི་སྐོར་གཡེང་ལྟ་བསྲུང་གིས་བོད་མི་ཚོ་ཕན་ཚུན་འགྲོ་སྐྱོད་མི་ཆོག་པར་གང་བྱུང་སྔོག་བཤེར་སུན་མཚེར་ཤུགས་ཆེན་བྱེད་བཞིན་ཡོད་འདུག། རྒྱལ་ཁབ་བདེ་འཇག་ཁ་ལ་ཁྱེར་ནས་ལྷ་ས་གྲོང་ཁྱེར་ནང་ལ་ཁམས་དང་ཨ་མདོའི་ཕྱོགས་ཀྱི་བོད་མི་གནས་སྡོད་པ་ཚོ་ལ་དེ་བས་དཀའ་ངལ་འཕར་མ་ཞིག་འཕྲད་བཞིན་ཡོད་འདུག དེ་བཞིན་རྒྱ་ནག་ཁྲེན་ཏུའུ་གྲོང་ཁྱེར་གྱི་བོད་མའི་ཁྲོམ་མམ་དཀར་མཛེས་ཁུལ་དོན་གཅོད་དང་བོད་ལྗོངས་དོན་གཅོད་བཞི་པ་ཡོད་སའི་ཝོས་ཧུས་ཚི་ལམ་ལ་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པ་དང། རྒྱ་ནག་ནས་དཀར་མཛེས་ཁུལ་དང་རྔ་བ་ཁུལ་གྱི་ནང་ལ་འཛུལ་སའི་ས་མཚམས་དང་དཀར་མཛེས་ཁུལ་ནས་བོད་རང་སྐྱོང་ལྗོངས་ཀྱི་ས་མཚམས་སྐམ་ཐོག་གྲུ་ཁ་དང་འབའ་ནས་འབྲི་ཆུ་བརྒལ་ཟམ་སོགས་ལ་གཅིག་མཚུངས་ཀྱིས་དམ་དྲག་བྱེད་ཀྱི་ཡོད་འདུག ད་ལྟ་རྒྱ་ནག་གིས་རྒྱལ་སྟོན་དུས་ཆེན་ལ་བོད་མི་ཚོས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་རང་ལུས་མཆོད་འབུལ་གྱི་ལས་འགུལ་དེ་རིགས་ོང་བ་ལ་སྔང་སྐྲག་དང། དེ་ལ་རྒྱ་གཞུང་གི་དྲག་རྡུང་ལས་འགུལ་ཨང་གསལ་བྱས་འདུག་ཟེར།།