༄༅།། འགྱུར་ལྡོག་ཁྲོད་ཀྱི་ཚོར་འདུ།།

 

ཁེར་རྐྱང་གི་འཚོ་བ་འཁྱག་ལ་འབྱར།།  

གྲང་རླུང་གིས་གཡུ་མདོག་ཤོ་བོར་བཟོས།།    

ངོ་གདོང་གི་འཛུམ་རས་གཞན་དུ་བསྒྱུར།།

ཡིད་ཆད་ཀྱིས་མགོ་བོ་བྲང་ལ་སྨད།།

 

 

 ལྷགས་རླུང་གིས་ཁུལ་བའི་ལོ་ཟླ་དེར།།

 འཆི་གསོན་གྱི་ངོ་ཁ་འདི་ན་རྒས།།

 མི་ཚེ་ཡི་རིན་ཐང་བྲོས་དུས་ཐལ།།

 མི་ཡུལ་གྱི་འགྱུར་ལྡོག་ཁད་ཀྱིས་ཡལ།།

 

མི་སེམས་ཀྱི་བདེ་སྐྱིད་དབྱིངས་སུ་ཡིབ།།      

            ཆག་འཇུག་གི་མཚོ་མོ་ཡང་ཡང་འཁྱིལ།།               

འགྲན་རྩོད་ཀྱིས་གཡུར་ས་ཆེ་རུ་བྱིན།།

 སྐྱོ་སྣང་གི་འགུག་གླུ་ལེན་སྙིང་འདོད།།

 

 སྨུག་སྤྲིན་གྱི་ན་བུན་རི་ལ་འཁྱིལ།།

  སུན་སྣང་གི་རླུང་བུ་སེམས་ན་ལྡང་།།              

   སེམས་གཏིང་གི་ཚོར་འདུ་གདུ་ཉིན་སྐབས།།

སྐྱོ་འགུལ་གྱི་དབྱངས་རྟ་ཤོར་དེ་ཐལ།། 

གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་འབོད་པས་ བོད་ཀྱི་ཟློས་གར་ཚོགས་པའི་ཉེ་འཁྲིས་སུ་སུག་བྲིས་བགྱིས་སོ།།  ༢༠༡༢  ༩   ༡༤