ཁྱེད། ཤེས་རིག་གི་སྒྲོན་མེ།
ཡར་ལུང་མེས་པོའི་མཁར་གྱི་དབུང་འཕང་མཚོ་འབྱུང་མ་མའི་ལྟོ་བར་ཐིམ།།
ལོ་ཆེན་ཐོན་མིའི་ཞབས་རྗེས་དཀར་པོ་དུས་མཐའི་རླུང་དམར་དབུས་སུ་ཡལ།།
བྲག་སྲིན་བུ་ཚའི་ཁྱིམ་གཞིས་དྲོད་མོར་ཤར་གྱི་ཆར་རླུང་དྲག་ཏུ་ལྡང་།།
པོ་ཏཱ་ལ་ཡི་རྒྱལ་མཚན་ཏོག་ཏུ་སྤྱང་ཀི་དམར་པོའི་རོ་འཛིན་གཡོ།།
ཙི་ནའི་འཆི་བདག་འདྲེ་ལག་དམར་པོ་ཆོས་ལྡན་མཐོ་སྒང་ཡུལ་དུ་བརྐྱངས།།
འཁོར་འདས་གསལ་བའི་ཐུབ་བསྟན་ཞིང་སར་སྲིན་པོ་སྟོང་གིས་ཟློས་གར་ཁྲབ།།
དབྱངས་གསལ་སོ་བཞིའི་ལང་ཚོའི་མེ་ཏོག་སད་དང་སེར་བའི་མཚོན་གྱིས་བཅོམ།།
ཀྱེ་མ་ཉམ་ངའི་དུས་ཚེགས་ཀློང་ན་ཁྱོད་ཉིད་གངས་རིའི་སྒྲོན་མེ་ཞིག །།
ཕྱག་ན་པདྨོའི་ཞབས་ཟུང་གསེར་འཁོར་ཧི་མ་ལ་ཡི་ཕག་ལ་བརྫངས།།
སྤྲེལ་སྲིན་ཟུང་གི་རིགས་བཟང་བུ་ཚ་ས་མཐའི་ཡུལ་ལ་འཕྱན་བཞིན་གྱར།།
མེས་པོ་གོང་མའི་སྲོལ་བཟང་སྤྱོད་ཚུལ་ཕྱི་གླིང་མགོ་སེར་ལུགས་དང་འདྲེས།།
ཀྱེ་མ་དཀའ་ཚེགས་ལོ་ཟླའི་ཁྲོད་ན་ཁྱོད་ཉིད་གངས་རིའི་སྒྲོན་མེ་ཞིག།།
འཕགས་པའི་ཞིང་གི་ནོར་འཛིན་ལྟེ་བར་རིགས་སློབ་ཤེས་བྱའི་དགའ་ཚལ་བཙུགས།།
ཕྱི་ནང་མི་རིགས་ཁྲི་མ་འབུམ་ལ་ཤཱཀྱའི་བཞུད་ལམ་ལམ་ལམ་བསྟན།།
གནའ་དེང་ཟུང་གི་ཤེས་བྱའི་གྲུ་ཆར་གངས་ཕྲུག་ཡིད་ཀྱི་ཞིང་སར་དབབ།།
བྱེས་པ་ཚང་གི་སྤྱི་ཚོགས་ཁྲོད་ན་ཁྱོད་ཉིད་གངས་རིའི་བླ་སྲོག་ཅིག།
མི་རིགས་བླ་སྲོག་ཕ་སྐད་བཟང་པོར་རྙིང་ཞིང་རྗེས་ལུས་མིང་ངན་གཡོགས།།
དམ་པ་ཆོས་ཀྱི་གདམས་པ་ཟབ་མོར་ནག་པོ་དུག་གི་ཞྭ་ནག་བཀོན།།
ཤར་གྱི་ཟླ་ནག་མཁའ་ལ་འཕྱན་ཏེ་བོད་ཡུལ་སྨག་རུམ་དཀྱིལ་དུ་བཅུགས།།
ཀྱེ་མ་ཁ་བའི་དཀའ་སྡུག་ལོ་ཟླར་ཁྱོད་ཉིད་མེས་པོའི་རྗེས་འཛིན་ཞིག།
རྡ་རམ་ས་ལའི་འཛིན་མའི་ལྟོ་བར་མ་ཡུམ་ས་རཱའི་དོ་ར་བསྐྲུན།།
གནས་ལྔ་རིག་པའི་ཆུ་སྐྱེས་སྙིང་བཅུད་བོད་ཡུལ་རྒྱས་བའི་སྨན་དུ་བསྟབས།།
ཡུལ་གྱར་སེང་ཕྲུག་ཁྲི་མ་འབུམ་ལ་ཡར་ཀླུང་མེས་པོའི་ཞབས་རྗེས་བསྟན།།
ཀྱེ་མ་མཐོ་བོད་སྐྱོ་གར་ཁྲོད་ན་ཁྱོད་ཀྱི་གཟི་འོད་ཉིན་བྱེད་བཞིན།།
སྙིགས་མ་ལྔ་བདོའི་ལོ་ཟླ་ནག་པོར་དམ་ལོག་སྟོང་གིས་ཟློས་གར་འཁྲབ།།
ཆོལ་གསུམ་སྤུན་ཟླ་མིང་སྲིང་དབར་གྱི་ཆིག་སྒྲིལ་སྟོབས་ཤུགས་མག་མོག་བཅོམ།།
ཕྱག་ན་པདྨོའི་བསླུ་མེད་གསུང་ལ་འདྲེ་སྲིན་བུ་ཡིས་གྱེན་ལྡོག་བྱས།།
ཀྱེ་མ་གངས་རིའི་ལྟས་ངན་དུས་ན་ཁྱོད་ཉིད་རྒྱལ་བའི་ཕྱག་བརྟེན་ཞིག།།
སྡིག་ཏོ་ཅན་གྱི་སྡང་མིག་རེ་ལ་བྱམས་བརྩེ་ཟབ་མོའི་ལམ་སྟོན་རེ།།
རྒྱུག་ཁྱི་སྟོང་གི་ཟུག་ངུ་རེ་ལ་དྲང་བདེན་གསུང་གི་གདམས་ངག་རེ།།
ཤ་གཟན་སྲིན་པོའི་རྗེས་འཇུག་རེ་ལ་ཟག་མེད་སྐུ་ཡིས་སྦྱིན་གཏོང་རེ།།
ཨེ་མ་ཁྱོད་ཀྱི་མཛད་བཟང་རེ་རེ་བསུབ་མེད་ཁ་བའི་ལོ་རྒྱུས་རེ།།
ཞེས་བཀའ་དྲིན་ཟླ་མེད་རྒན་དམ་པ་མཁས་དབང་བློ་བཟང་རྒྱ་མཚོ་མཆོག་གི་སྐྱབས་འོག་ཏུ་འཚོ་གྱིན་པའི་མུ་ཏོ་བ་མཆོད་མེ་རྐང་གཅིག་གིས་མ་ཡུམ་ས་རཱ་རུ་བྲིས་པའོ།