གྲྭ་འཇིགས་མེད་བོར་བརླགས།
བོད་ཀྱི་གློག་བརྙན་“འཇིགས་བྲལ་”ཞེས་པ་བཟོ་མཁན་དོན་འགྲུབ་དབང་ཆེན་གྱི་ལས་རོགས་ཕ་ཡུལ་གསེར་རྟ་ནས་ཡིན་པའི་བླ་བྲང་གི་གྲྭ་འཇིགས་མེད་ལོ་ཙཱ་གར་སོང་ཆ་མེད་དུ་གྱུར་ནས་ཉིན་གྲངས་བཅོ་ལྔ་ཙམ་ཕྱིན་པའི་གནས་ཚུལ་འདུག
དེ་ཡང་ཟླ་འདིའི་ཚེས་༡ ཉིན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནས་གནས་ཚུལ་སྤེལ་བ་ལྟར་ན། འཇིགས་མེད་ལགས་ཕྱི་ཟླ་༩ པའི་ཚེས་༡༧ ཉིན་གྲྭ་པ་གཞན་པ་ཞིག་དང་མཉམ་ཏུ་ལན་ཀྲིག་ས་གནས་ཀྱི་ཁྱིམ་ཚང་ཞིག་ཏུ་སྨོན་ལམ་གསུངས་པར་ཕེབས་ཏེ། ཕྱིར་དགོན་པར་ཕེབས་སྐབས་ཁོང་ཉི་མ་གཉིས་ཀྱི་སྔོན་དུ་སོང་སྟེ། ད་ལྟའི་བར་ཉིན་གྲངས་བཅོ་ལྔ་ཕྱིན་ཡང་ཁོ་རང་གར་ཡོད་འདིར་ཡོད་ཀྱི་གནས་ཚུལ་ཅི་ཡང་གོ་ཐོས་མེད་པར་གྱུར་ཡོད་པ་རེད།
དོན་གྲུབ་དབང་ཆེན་ལགས་ཀྱིས་༢༠༠༨ ལོར་བོད་ནང་དུ་རང་དབང་མེད་སྐོར་དང་། ༢༠༠༨ ཨོ་རྩལ་འགྲན་ཚོགས་དེ་རྒྱ་ནག་ཏུ་འཚོགས་པར་བསམ་ཚུལ་ཇི་ཡོད་སྐོར་སོགས། བོད་ནང་གི་མི་མང་ལ་བཅར་འདྲི་བྱས་ཏེ། ཕྱི་རྒྱལ་དུ་བསྐུར་བར་བརྟེན། དོན་གྲུབ་དབང་ཆེན་རྒྱ་གཞུང་གིས་བཟུང་བྱས་ཏེ། བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། དེ་བཞིན་ཁོང་གི་རོགས་པ་འཇིགས་མེད་ལོ་ཙཱ་ཡང་ཟླ་ངོ་ཁ་ཤས་རིང་བཀག་ཉར་བྱས་ཏེ། ཕྱིས་སུ་གློད་གྲོལ་ཐོབ་ཡོད་པ་རེད།
ཐེངས་འདིར་འཇིགས་མེད་ཀྱི་གནས་ཚུལ་འདི་འདྲ་བྱུང་བ་ལ་དགོན་པའི་གྲྭ་བ་རྣམས་ཀྱིས་དེང་སྐབས་རྒྱ་ནག་ནང་ཚོགས་ཆེན་ཚོགས་ལ་ཉེ་བས་སྐབས་འདིར། བོད་ཐོག་དུ་ཉེས་མེད་རྡུང་རྡེག་དང་བཙོན་འཇུག་ལྐོག་གསོད་སོགས་གནས་ཚུལ་འདྲ་མིན་ཞིག་འབྱུང་བཞིན་ཡོད་པས། འཇིགས་མེད་ལགས་ཁོ་རང་ཡང་རྒྱ་ལག་ཏུ་ཤོར་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པའི་གནས་ཚུལ་འདུག

