གྲྭ་འཇམ་དབྱངས་དཔལ་ལྡན་གྱི་སྐུ་ཕུང་ཞུགས་འབུལ།
རང་ལུས་མེར་བསྲེགས་ཏེ་རྒྱ་ནག་ལ་ངོ་རྒོལ་གནང་མཁན་གྲྭ་འཇམ་དབྱངས་དཔལ་ལྡན་ཕྱི་ཟླ་༩ ཚེས་༢༩ ཉིན་སྐུ་གྲོངས་ཡོད་པ་དང་། གདུང་སེམས་མཉམ་བསྐྱེད་ཆེད་སྐྱ་སེར་མི་མང་གང་མང་འཛོམས་ཏེ། མཆོད་འབུལ་སྨོན་ལམ་འཚོགས་པ་དང་། སྐུ་ཕུང་ཞུགས་འབུལ་བྱས་འདུག
དེ་ཡང་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་ཕྱི་དྲོ་ཆུ་ཚོད་ལྔ་བའི་ཐོག་ཨ་མདོ་རེབ་གོང་རོང་བོ་དགོན་ཆེན་ནང་དུ་རོང་བོ་དགོན་ཆེན་གྱི་དགེ་འདུན་པ་གཙོ་བྱས་ཏེ། སྐྱ་སེར་མང་ཚོགས་བརྒྱ་ཕྲག་མང་པོས་བསྔོ་སྨོན་གསུང་འདུག་དང་།
ཚེས་༢ ཉིན་གྱི་ཞོགས་པ་སྔ་བོ་བོད་ནང་གི་ཆུ་ཚོད་༥ པའི་ཐོག་དགོན་པའི་རྒྱབ་རིའི་ངོས་ཀྱི་དགེ་འདུན་པའི་སྐུ་ཕུང་སྦྱིན་སྲེག་གནང་ཡུལ་དེར་གདན་གདན་འདྲེན་ཞུས་ཏེ། རོང་པོ་དགོན་པའི་དགེ་འདུན་པ་དང་ས་གནས་མི་མང་ཕྱོགས་མཐའ་ཁག་ནས་ཆེད་ཕེབས་པ་བཅས་ཀྱིས་སྐུ་ཕུང་ལ་ཁ་བཏགས་སྒྲོན་འབུལ་དང་སྨོན་ལམ་གསུང་བཞིན་སྐུ་ཕུང་ཞུགས་འབུལ་ཞུས་ཡོད་ཅིང་། སྐབས་དེར་ཆར་ཤུགས་ཆེན་པོར་བབས་ཡོད་ནའང་སྐྱ་སེར་མང་ཚོགས་ ༣༠༠༠ ལྷག་འདུ་འཛོམས་ཀྱིས་གདུང་སེམས་མཉམ་སྐྱེད་དང་མྱ་ངན་གྱི་རྣམ་པ་བསྟན་ཡོད་འདུག
འཇམ་དབྱངས་དཔལ་ལྡན་ལགས་ནི། རེབ་གོང་རྒྱལ་པོ་ལྡོང་ངེ་ནས་ཡིན་པ་དང་། ཕ་དཀོན་མཆོག་སྐྱབས་དང་མ་ལྕགས་མོ་གཉིས་ཀྱི་བུ་ཡིན་པ་དང་། རེབ་གོང་རོང་བོ་དགོན་ཆེན་གྱི་གྲྭ་པ་ཡིན་འདུག །
གནས་ཚུལ་མཁོ་གཏོང་བ་བསོད་ནམས།