ངོ་དེབ་ཐོག་གི་ཁ་བརྡ་དུམ་ཞིག
ཀ། རང་བཙན་གྱི་རྩོད་ལེན་ཅན་ལགས།
ཁ། ག་རེ་གསུང་གི་ཡོད་དམ།
ཀ། ད་ཆ་ཁྱེད་རྣམས་པས་སྤྱི་འཐུས་ཐུག་པ་དཀྲུགས་དཀྲུགས་ཀྱི་ཡོད་ས་རེད་པ། འདི་ག་འདྲ་ཟེར་ཡིན་ན།
ཁ། ག་རེ་གསུང་གི་ཡོད་དམ། ངས་མགོ་ཚོས་མ་སོང།
ཀ། སྐར་མ་ཆོས་འཕེལ་ཁོ་ཚོས་རང་བཙན་གཙང་མ་དགོས་ཀྱི་ཡོད་པའི་སྐོར་བཤད་ནས་སྤྱི་འཐུས་ལ་འོས་བསྡུ་བྱས་པ་རེད་ཟེར་གོ་རྒྱུ་འདུག
ཁ། ངས་ཚོགས་རྭ་ནས་ཧ་མ་གོ་བའི་གནས་ཚུལ་དེ་འདྲ་ཁྱེད་རང་གིས་གང་ནས་ཧ་གོ་སོང་ངམ།
ཀ། ཁྱེད་རང་ད་ལྟ་སྤྱི་འཐུས་ཡིན་ཙང་ངས་ཤེས་རྟོགས་ཚུལ་དུ་སྐད་ཆ་འདྲི་ཡི་ཡོད།
ཁ། རང་བཙན་རྩོད་མཁན་གྱི་སྤྱི་འཐུས་འོས་བསྡུས་པའི་སྐོར་ཤེས་ཀྱི་མེད།
ཀ། སྐར་མ་ཆོས་འཕེལ། སྐར་མ་ཡེ་ཤེས། སེར་རྟ་ཚུལ་ཁྲིམས་སྤྱི་འཐུས་མི་སྣ་ཁོ་ཚོས་གཙོས་པའི་མི་མང་པོ་གཅིག་གི་རང་བཙན་གཙང་མ་ལས་དབུ་མ་མི་འདོད་ཚུལ་གྱི་འུར་སྒྲ་རྒྱབ་པ་དང་། འདི་ལ་མདོ་སྟོད་ཀྱི་སྤྱི་འཐུས་གྲྭ་གཅིག་མ་གཏོགས་ཚང་མས་རང་བཙན་གཙང་མ་དགོས་ ཀྱི་ཡོད་པའི་བགྲོས་ཆོས་འདོན་འཕེལ་གྱི་ལས་ཁུལ་འདྲ་སྤེལ་ཐབས་བྱེད་ཀྱི་ཡོད་ ཚུལ་གོ་ཐོས་བྱུང་། བྱས་ཙང་སེམས་ཚབས་ཀྱིས་མ་བཞག་པར་ཁྱེད་རང་ལ་སྐད་ཆ་འདྲི་ཡི་ཡོད། འདི་སྤྱི་འཐུས་ཚོགས་ཆེན་འདི་འདྲའི་ནང་བཤད་པའི་སྐད་ཆ་འདྲ་ཡིན་ས་མ་རེད།
ཡིན་ནའི་༧རྒྱལ་རིན་པོ་ཆེ་དགོངས་པ་འཚོམས་ནས་བློ་འཕང་ཡོད་ཟེར་བཤད་པ་རེད་ཞེས་གོ་ཐོས་ཡོང་གི་འདུག འདི་དངོས་གནས་ཡིན་ན།
ཁ། གོང་གསལ་སྐུ་ངོ་སྤྱི་འཐུས་དེ་དག་རང་བཙན་རྩོད་མཁན་ཡིན་བདེན་པ་རེད། འོན་ཀྱང་ཁྱེད་ཀྱིས་གསུང་གསལ་ལྟར་དེའི་སྐོར་འོས་བསྡུས་པ་དང་། ཡང་ན་གྲོས་ཆོད་བཞག་པ། དེ་བཞིན་གྲ་བསྒྲིག་ཡོད་པ་། ༸གོང་ས་མཆོག་ཁོང་རྣམས་ལ་ཐུགས་ཕམ་ཡོད་པ་སོགས་ཀྱི་གནས་ཚུལ་དེ་འདྲ་ངས་གཅིག་ཀྱང་ཤེས་མ་སོང་ལགས།
ཀ། མདོ་སྟོད་པ་ཚང་མས་འདོད་པ་ཡོད་ཚུལ་བཤད་ཡོད་ས་རེད། བདེན་པ་རེད་པས། འདི་ ང་ཚོ་མདོ་སྟོད་མི་དམངས་ཀྱི་འདོད་པ་རེད་ཞེས་བཤད་ཀྱི་ཡོད་རེད། ཡང་ན་མདོ་སྟོད་མི་སྣ་རེ་གཟུང་གཅིག་གི་འདོད་པ་ཡིན་ཚུལ་བཤད་ཀྱི་ཡོད་རེད།
ཁ། ངས་ཧ་གོ་མ་སོང།
ཀ། འདི་སྐོར་ལ་ཤེས་རྟོགས་ག་ནས་ཡོང་གི་རེད།
ཁ། སྐུ་ངོ་ཁོང་རྣམས་སྒེར་ལ་ཐད་ཀར་དྲིས་ན་ཤེས་ཀྱི་རེད་ལགས།
ཀ། འདི་དྲིས་པ་ལྟས་ངན་འདི་ཚོ་དང་ང་རང་ཐད་ཀར་འབྲེལ་གཏུགས་མེད། ཁྱེད་རང་དཀྲོ་ཟ་དགོས་མ་རེད། ངས་འདི་ཚོ་བོད་པའི་འགན་འཁུར་འཁྲེར་ནས་འདྲི་ཡི་ཡོད།
ཁྱེད་ཚོ་ང་ཚོས་འོས་འདེམ་བྱས་པའི་མི་སྣ་ཡིན་བཞིན་དུ་གནས་ཚུལ་ཆུང་ཆུང་འདྲ་ལ་འཕྲལ་དུ་དཀྲོ་བཟའ་དགོས་ཡག་འདི་འདྲ་ཅི་རེད།
ཁ། ང་སྤྲོ་ལང་དགོས་དོན་མེད་ལགས། ང་ཚོ་ལངས་ཕྱོགས་མི་འདྲ་བ་བདེན་ཡང། རིགས་མཐུན་ནང་ཁུལ་དགྲ་ཟླ་ལང་དགོས་པ་མ་མཐོང། ཁྱེད་ཀྱིས་ཀྱང་སྐུ་ངོ་ཁོང་རྣམ་ལ་སྤྲོ་མི་ལང་བའི་རེ་བ་ཡོད། ཁྱེད་རང་རང་བཙན་རྩོད་མཁན་ཚོར་སྤྲོ་ལང་གི་འདུག་གམ། ལགས་། ཧཧཧཧ
ཀ། རང་བཙན་ང་ཡང་འདོད་ཀྱི་ཡོད། ཡིན་ནའི་ལམ་ཁ་འདེམ་ཁ་བྱེད་སྟངས་དང་། སྤྱི་ཚོགས་ཀྱི་བདེ་ཆགས་ལ་རྩ་བ་ནས་བསམ་ཤེས་མེད་པར། མི་རེ་ཟུང་གཅིག་གི་རང་གི་འདོད་པ་གང་ཡོད་ཀྱིས་འདྲ་མི་འདྲ་བྱས་ན། བོད་པའི་ལངས་ཕྱོགས་དང་རྩ་དོན་ལ་གནོད་ཀྱི་འདུག འདི་ངས་ཤེས་ལས་ཁྱེད་ཀྱིས་ཀྱང་ཤེས་གསལ་རེད། དྭོགས་པ་བཟའ་ཡག་ལ་འདི་ཚོ་གཞན་དག་དང་ལག་འབྲེལ་བྱས་ནས་རང་ཉིད་ཕྱུགས་པོ་དང་རྒྱལ་དོན་ཚོང་འབྲེལ་བྱས་མ་ཡོང་བསམ་ནས། ལེ་ཐང་ཨ་ཐར་གྱི་སྒྲུང་འདི་ཚོ་དྲན་ཡོང་གི་འདུག
ཁ། ལེ་ཐང་ཨ་ཐར་གྱི་སྒྲུང་ག་རེ་རེད་དམ།
ཀ། ཐེ་ཝང་ལག་འབྲེལ་གྱི་རྒྱལ་ཁྲིམས་ལག་བཟུང་བྱས་ནས་༧རྒྱལ་རིན་པོ་ཆེ་ལ་མགོ་སྐོར་གཏང་རྒྱག་འདི། ༧རྒྱལ་རིན་པོ་ཆེས་འདི་སྐོར་ཤེས་རྟོགས་བྱུང་བ་རེད་མ་གཏོགས་ས་ཡིག་གཅིག་རྒྱབ་ན་བོད་པ་ཐེ་ཝན་ལ་གཙོང་ཉག་གཅིག་ཆགས་སོང་བ་མ་རེད་ངས།
ཁ། སྤུན་ཟླ་བཀྲིས་དབང་གྲོལ་ཡིན་ནམ་ལགས། ངས་བསམ་ཚུལ་བྱས་པ་ཡིན་ན་ད་ལྟའི་དུས་འདིར་རྒྱ་ནག་གཞུང་གིས་ཕྱི་ནང་གསང་གསུམ་དང། མངོན་ལྐོགས་གཉིས་ནས་ང་ཚོ་བཙན་བྱོལ་བོད་མིའི་ནང་ཁུལ་དཀྲུག་ཤིང་རྒྱག་བཞིན་པའི་གནས་ཚུལ་ཧ་ཅང་གསལ་པོ་རེད། ངས་བསམ་ན་རང་བཙན་དབུ་མ་གཉིས་བསམ་ཚུལ་མི་གཅིག་ཀྱང་ནང་ཁུལ་དུ་དགྲ་ཟླར་མི་བསྒྱུར་རྒྱུར་གཟབ་དགོས་ཀྱི་འདུག་སྙམ།
ཀ། འདི་བདེན། ཡིན་ནའི་རྐུ་མ་ནང་ལ་བཞག་ནས་སྒོ་ལྕགས་ཕྱི་ལག་རྒྱག་མི་ཉན་པའི་ཁ་དཔེ་འདི་ཡང་དྲན་གསོ་བྱེད་དགོས་ཀྱི་ཡོད།
ཁ། ངས་རེ་བ་ལྟར་ན་རང་བཙན་དང་དབུ་མ་རྩོད་མཁན་གང་ཡིན་ཡང་རང་ངོས་དེ་བཟང་ཕྱོགས་དང་ཕ་རོལ་པོའི་བསམ་བློ་ངན་ཕྱོགས་སུ་བསྒྲུབ་གང་ཐུབ་བྱས་ན་ཕྱོགས་ལྷུང་རེད་བསམ་ཡོད། ཕྱོགས་གཉིས་ཀྱི་མི་སྣ་ལ་ལའི་ཚོར་བ་རྣོ་བའི་རྣམ་འགྱུར་གཙོ་འདོན་གྱིས་གང་ཐུབ་ཀྱིས་མི་མང་གི་བསམ་བློ་ལའང་འཁྲུག་གཞི་གྱུར་བའི་ཉེན་ཁ་འདུག དེར་བརྟེན་། འདིའི་སྐོར་བགྲོ་གླིང་མང་ཙམ་འཚོགས་ནས་བསམ་ཚུལ་བརྗེ་ལེན་དང་དམངས་ལ་གོ་བརྡ་སྤྲོད་དགོས་པ་ཧ་ཅང་གལ་ཆེ་སྙམ་ཡོད། འོན་ཀྱང་ང་ཚོའི་མི་འདི་ཚོ་ཐོག་མའི་དུས་ནས་ངོ་ནག་པོས་གཞན་སེམས་དཀྲུག་ཐབས་གཙོ་འདོན་ཙམ་ལས་ཞི་དུལ་བག་འཕེལ་དང། ཡང་ན་བློ་གྲོས་ལྡན་པའི་སྒོ་ནས་ཕན་ཚུན་བསམ་ཚུལ་བརྗེ་ལེན་བྱ་རྒྱུ་ཁག་་པོ་རེད་འདོད། ཧཧཧཧ
ཀ། གང་ལྟར་གནས་ཚུལ་འདིའི་ཐོག་ངས་ཤེས་རྟོགས་ཡོང་བའི་ཐབས་ཤེས་ཡོད་དགུ་རྩ་དྲུག་བྱེད་ཀྱི་ཡིན། ཁྱེད་རང་ལ་བཤད་ཡག་ཅི་མི་འདུག་ན་དགོངས་འགལ་མེད་པ་ཞུ། ཁོ་བོ་གཞན་དང་གཞན་བརྒྱུད་ནས་ཤེས་རྟོགས་ཡོང་བའི་ཐབས་ལམ་གཙལ་དགོས་འདུག་གོ
ཁ། ལགས་སོ་དེ་ལྟར་གནང་རོགས། ད་ཁ་བྲོ་བཀྲིས།
