ཁམས་འབྲི་རུ་རྫོང་གི་བོད་མི་ཞིག་གིས་རང་ལུས་མེར་བསྲེག

driru1

ཟླ་འདིའི་ཕྱི་ཚེས་༤ ཉིན་ཁམས་འབྲི་རུ་རྫོང་ནས་ཡིན་པའི་བོད་མི་དགུ་འགྲུབ་ཟེར་བ་ཞིག་གིས་བོད་ལ་རང་དབང་དགོས་ཞེས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ། སྐུ་གྲོངས་པ་དང་། ཕུང་པོ་རྒྱ་ནག་གཞུང་གིས་ནང་མིར་རྩིས་སྤྲད་མེད་པ་རེད།

དེ་ཡང་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༤ ཉིན་གྱི་བོད་ནང་གི་ཆུ་ཚོད་༡༠ པའི་ཐོག་ནག་ཆུ་གྲོང་ཁྱེར་གྱི་ཁྲོམ་གཞུང་དུ། ཁམས་འབྲི་རུ་རྫོང་ཤག་ཆུ་གྲོང་བརྡལ་གྲོང་ཚོ་ཉི་ཤུ་ཡུངས་དཀར་ལྷའི་གྲོང་ནས་ནས་ཡིན་པ། རང་ལོ་༤༣ ཡིན་པ་མིང་ལ་དགུ་འགྲུབ་ཟེར་བ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་སྟེ་སྐུ་གྲོངས་ཡོད་ན་ཡང་། རྒྱ་གཞུང་གི་ཉེན་རྟོག་པས་ཁོང་གི་ཕུང་པོ་ནང་མིར་རྩིས་སྤྲོད་བྱས་མེད་པ་རེད་འདུག མེར་སྲེག་སྐབས་ཁོང་གིས་འབོད་ཚིག་བསྒྲགས་དོན། ང་ཚོ་གང་དུ་སོང་ཡང་རང་དབང་མི་འདུག  བོད་ལ་རང་དབང་དགོས། རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་འཇུག་དགོས་ཞེས་སྐད་འབོད་བྱས་ཏེ་རང་ལུས་མེར་སྲེག་བཏང་ཡོད་པ་རེད།

driru1

དེ་བཞིན་ཁོང་གིས་མེར་སྲེག་མ་བཏང་གོང་ཞལ་ཆེམས་ཡི་གེ་གཉིས་ཁེའུ་ཁེའུ་དྲ་ཐོག་བཞག་ཡོད་པའི་ཞལ་ཆེམ་དང་པོ་དེའི་ནང་འཁོད་དོན། “ཚེ་སྲོག་གི་རྡུང་བའི་རྒྱལ་རྔ།” སྐྱིད་སྡུག་དང་ལས་དབང་གཅིག་པའི་གངས་ཅན་པའི་དམིགས་ཡུལ་ནི། རང་བཙན་གཙང་མའི་སྒོ་ནས་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་ནི་ང་ཚོའི་མངོན་འདོད་ཡིན། འོན་ཀྱང་༸གོང་ས་མཆོག་གིས་འཚེ་མེད་ཞི་བའི་སྒོ་ནས་དབུ་མའི་ལམ་གྱི་སྲིད་བྱུས་གཏན་ལ་ཕབ་སྟེ་རང་སྲིད་རང་སྐྱོང་གི་ཐོབ་ཐང་ལ་འབད་བརྩོན་གནང་བ་ལ། བོད་མི་ས་ཡ་དྲུག་གིས་ཁོང་གི་བཀའ་དགོངས་སྤྱི་བོར་བཀུར་ཏེ་ཡུན་རིང་རེ་སྒུག་བྱས་ཀྱང་། རྒྱ་གཞུང་གིས་དེའི་ཕྱོགས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་ཕུད། བོད་པའི་བདེ་སྡུག་གླེང་བ་ཙམ་གྱིས་འཛིན་བཟུང་དང་མནར་གཅོད་ཚད་ལས་རྒལ་བ་གཏོང་བས་མ་ཚད། ༸གོང་ས་མཆོག་ལ་མཚན་སྨད་དང་བོད་འདི་ཀྲུང་གོའི་ཆ་ཤས་ཡིན་པའི་དམ་བཅའ་བརྟན་པོ་མེད་ཚེ། ལྐོག་གསོད་བཏང་སྟེ་གར་སོང་ཆ་མེད་དུ་འགྲོ་བ་ལས། བོད་མིའི་བདེ་སྡུག་ལ་དོ་སྣང་དང་དྲིལ་བསྒྲགས་ཅི་ཡང་མེད་སྟབས། ང་ཚོས་ཞི་བའི་འཐབ་རྩོད་འདི་རྣོ་ངར་ཆེ་རུ་བཏང་སྟེ། བོད་པའི་དངོས་ཡོད་ཀྱི་གནས་ཚུལ་རྣམས་དྲིལ་བསྒྲགས་དང་བདེན་དཔང་གི་ཆེད་དུ་། རང་ལུས་མེ་རུ་མཆོད་དེ་བོད་རང་བཙན་གྱི་འབོད་སྒྲ་སྒྲོག་དོན། ཀྱེ་ནམ་མཁའི་ལྷ་ཆེན་པོ་ཁྱེད་ཀྱི་སྤྱན་ཟུང་བོད་ལ་གཟིགས་དང་། མ་ཡུམ་གྱི་ས་ཆེན་པོ་ཁྱེད་ཀྱི་བྱམས་བརྩེ་བོད་ལ་དགོངས་དང་། བར་གནས་ཀྱི་འཛམ་གླིང་ཡོངས་ཀྱི་དྲང་བདེན་ལ་མཐོང་ཆེན་གནང་རོགས། དྭངས་གཙང་ཁ་བའི་ལྗོངས་འདིར་དམར་པོ་ཁྲག་ལ་བསྒྱུར་བས་མ་ཚད། དྲག་པོ་དམག་གིས་ས་གཞི་བཀང་སྟེ་བར་མི་ཆད་པའི་དྲག་གནོན་རྒོད་ཀྱང་། དཔའ་ངར་ཞུམ་པ་མེད་པའི་གངས་ཕྲུག་རྣམས་ཀྱིས་བློ་གྲོས་ཀྱི་གཞུ་མོ་བཀུག   ཚེ་སྲོག་གི་མདའ་མོ་འཕེན་ཏེ། དྲང་བདེན་ཀྱི་གཡུལ་ངོ་ཟློག་རྒྱུ་ཡིན། མཇུག་ཏུ་ཁ་བ་རི་པའི་ཕུ་ནུ་མིང་སྲིང་ཚོས། འདྲ་མཉམ་དང་རང་དབང་གི་ཐོབ་ཐང་ལོངས་སུ་སྤྱོད་ཕྱིར་། གངས་ཅན་པའི་སྤྱི་དོན་ལ་གཙོ་བོ་དང་། སྒེར་དོན་ལ་ཕལ་པ་བྱེད་དེ། རྡོག་རྩ་ཆིག་སྒྲིལ་གྱི་མདུན་དུ་སྐྱོད་རྒྱུ་ནི་ངའི་རེ་བ་ཡིན། འབྲི་རུ་བ་དགུ་འགྲུབ་ནས། ༢༠༡༢ ཟླ་༣ ཚེས་༡༤། ”ཅེས་འཁོད་འདུག

དེ་བཞིན་ཞལ་ཆེམས་གཉིས་པའི་ནང་འཁོད་དོན། “སྤུན་ཟླའི་བརྩེ་སེམས།” ཁ་བ་རི་པའི་ཕུ་ནུ་མིང་སྲིང་ཚོ་ང་ཚོས་འདས་སོང་ལ་ཕྱིར་མིག་ཅིག་བལྟས་ཚེ། ཕངས་སེམས་དང་ཁོང་ཁྲོ། སྐྱོ་གདུང་དང་མིག་ཆུ་ཞིག་ལས་དགའ་སྤྲོའི་རྣམ་པ་མ་མཐོང་ཡང་། མདུན་ནས་བསུ་བའི་ཆུ་འབྲུག་གནམ་ལོ་གསར་ཚེས་འདིའི་ནང་ནས་ཁྱེད་རྣམས་སྐུ་ཁམས་བདེ་ཐང་དང། བྱ་བ་ལམ་འགྲོ རེ་སྒུག་མངོན་འགྱུར་ཡོང་པའི་སྨོན་འདུན་ཡང་ཡང་ཞུ་བ་དང་ཆབས་ཅིག་ཁྱེད་རྣམས་ཀྱིས་རང་རིགས་ཀྱི་སྤོབས་པ་གཟེངས་སུ་བསྟོད་དེ། རང་ཕྱོགས་སུ་ཕམ་ཁ་དང་གྱོང་གུད་ཅི་ཙམ་བྱུང་ཡང་བློ་སྟོབས་མ་ཉམས་པའི་སྒོ་ནས་ཆིག་སྒྲིལ་ལ་འབད་འབུང་དམ་ཟབ་ཡོང་བའི་རེ་བ་ཤིན་ཏུ་ཆེ། འབྲི་རུ་བ་དགུ་འགྲུབ་ནས།”ཞེས་འཁོད་ཡོད་འདུག

འབྲི་རུ་དགུ་འགྲུབ་ནི་རྩོམ་པ་པོ་ཞིག་ཡིན་པ་དང་སྨྱུག་མིང་ལ་གངས་ཁྲོད་ཀྱི་ན་གཞོན་ཟེར་གྱི་ཡོད་འདུག ཁོང་བོད་དོན་ལ་སེམས་ཤུགས་ཆེན་པོ་ཡོད་མཁན་ཞིག་ཡིན་པ་མ་ཟད། རྟག་ཏུ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀློག་རྒྱུར་དགའ་པོ་ཡོད་པ་རེད།

ཁོང་སྔོན་མ་རྒྱ་གར་དུ་ཡོང་ནས་གསོག་སྒར་སློབ་གྲྭར་ཕྱིན་ཡོད་པ་དང་། ༢༠༠༥ ལོར་ཕྱིར་བོད་ལ་ལོགས་སྐབས་རྒྱ་ཡི་བཙོན་འོག་ལ་སྡོད་དགོས་བྱུང་་འདུག།།