དམིགས་བསལ་ཚོགས་ཆེན་སྐབས་ཀྱི་མཐོང་ཐོས།

དམིགས་བསལ་ཚོགས་ཆེན་སྐབས་ཀྱི་མཐོང་ཐོས།
༧གོང་ས་མཆོག་གི་བཀའ་སློབ་སྐོར་དེ་ཚོགས་ཆེན་སྔོན་ནས་བཀའ་སྤྱི་གཉིས་ཀྱིས་གསལ་བཤད་མ་གནང་བ་དེ་དྲི་བ་ཞིག་རེད།

ཚོས་ཉིད་འོད་ཟེར།     དྷ་ས།
འདི་ལོར་དམིགས་བསལ་ཚོགས་ཆེན་འདི་འཚོག་ལ་ཉེ་བའི་སྐབས་བཙན་བྱོལ་སྤྱི་ཚོགས་ནང་བཤད་ཡམས་ཤིག་ཁྱབ་པ་ནི། བོད་མི་ཚང་མ་དབུ་མའི་ལམ་གྱི་སྲིད་ཇུས་ཐོག་ཤར་བསྐྱོད་བྱེད་པ་ལས། རང་བཙན་བཤད་ན་མི་འགྲིག་པ་དང་། ༧གོང་ས་མཆོག་ཀྱང་རང་བཙན་བཤད་ནས་ཐུགས་ཕམ་བྱུང་ཡོད་སྐོར་ཁྱབ་པ་མ་ཟད།

ཚོགས་སྡེ་རེ་ཟུང་གིས་རང་བཙན་ཚོགས་འདུ་ལ་འགྲོ་མཁན་སྤྱི་འཐུས་ཚོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དགོངས་པ་ཞུ་དགོས་སྐོར་དང་འབྲེལ་བའི་ཡི་གེ་ཡང་སྤྱི་འཐུས་ལྷན་ཚོགས་སུ་བཏང་ཡོད་འདུག དེ་ལ་བརྟེན་ནས་མི་མང་པོ་ཞིག་མགོ་འཐོམ་སྟེ་དམིགས་བསལ་ཚོགས་ཆེན་ཐོག་བསམ་ཚུལ་ལྷུག་པོ་བཤད་རྒྱུར་བཀག་རྒྱ་ཐེབས་ཡོད་པར་སྙམ། མི་མང་ཁྲོད་༧གོང་ས་མཆོག་ཐུགས་ཕམ་བྱུང་ཡོད་པ་རེད་སྙམ་ནས་སེམས་ཁྲལ་ཆེན་པོ་བྱུང་བ་དང་། བསམ་ཚུལ་ཡང་དམིགས་བསལ་བཤད་མ་ཐུབ་པར་ལྷག

ཡིན་ཡང་མང་ཚོགས་ཁྲོད་བསམ་ཚུལ་ནོར་བ་ཞིག་ཁྱབ་གདལ་དུ་སོང་བ་ལ་གཞུང་ངོས་ནས་ཀྱང་དེ་ཡིན་པ་ལྟ་བུ་ལས། གསལ་བཤད་གང་ཡང་མ་གནང་བ་དང། གྲོས་ཚོགས་ནང་དུ་ཡང་༧གོང་ས་མཆོག་ལ་བཟོད་གསོལ་ཞུ་དགོས་སྐོར་གྱིས་གྲོས་ཆོད་བཞག་པ་ལས། ༧གོང་ས་མཆོག་ཐུགས་ཕམ་བྱུང་རྐྱེན་སྐོར་མི་མང་ནང་གསལ་བཤད་གང་ཡང་མ་གནང་བར། དམིགས་བསལ་ཚོགས་ཆེན་དེ་འཚོགས་སོང་། ཚོགས་ཆེན་ཐོག་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་མཁན་ཚོའི་སྐོར་ལ་རྒྱབ་སྐྱོར་གྱི་བསམ་ཚུལ་ཙམ་ཡང་ཐ་མའི་གྲོས་ཆོད་ནང་སླེབས་མེད་ལ། གྲོས་ཚོགས་འཚོག་བཞིན་པའི་སྐབས་གཞོན་ལྷན་གྱི་དབུས་རྒྱུན་གསུམ་གྱིས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་ཡོད་ནའང། གྲོས་ཚོགས་ནང་གླེང་སློང་ཙམ་བྱུང་མ་སོང། དངོས་གནས་བཤད་ན་གཞུང་དང་གཞུང་གི་འབྲེལ་ལམ་དང་། ལས་དོན་ལ་འཆར་གཞི་སོགས་གཞུང་ངོས་ནས་བྱས་ན་ཤུགས་ཆེ་བ་ཡོད་པ་བཤད་མ་དགོས་ཀྱང། བོད་ནང་གི་ཛ་དྲག་གནས་བབས་དང། བོད་མིའི་མངོན་འདོད་ཁག་ཁྱབ་བསྒྲགས་བྱེད་རྒྱུར་གཞུང་འབྲེལ་མིན་པའི་ཚོགས་པ་ཚོར་གཞུང་ལས་ནུས་པ་ཆེ་བ་ཡོད་ཀྱང། དམིགས་བསལ་རྒྱབ་སྐྱོར་དགོས་སྐོར་གང་ཡང་སླེབས་མེད།

རང་ལུས་མེར་སྲེག་གཏོང་མཁན་ཚོར་མྱ་ངན་མཚོན་ཆེད་ཚོགས་ཁང་ནང་རྒྱལ་དར་༥༡ བསྒྲེངས་འཛུགས་བྱས་པའི་ཁྲོད། ཡ་མཚན་པ་ཞིག་ལ་བཙན་བྱོལ་ནང་བོད་དོན་ཆེད་སྲོག་ཤོར་བ་དེ་སྲོག་མ་ཡིན་ལྟ་བུར་བརྩིས་འདུག སྐུ་མ་གྲོངས་མཁན་ཚོ་ལ་མཚོན་ན་བཙན་བྱོལ་ནང་སྨན་བཅོས་སོགས་ཕྱོགས་གང་ཐད་ནས་མཐུན་རྐྱེན་བོད་ནང་ལས་ཡག་པོ་རག་ཡོད་པས། དོ་སྣང་མ་སྤྲད་ཀྱང་། ཁོང་ཚོས་བསམ་ཤེས་བྱེད་ངེས་ཀྱང། དཔའ་བོ་ཐུབ་བསྟན་དངོས་གྲུབ་དང་། འཇམ་དཔལ་ཡེ་ཤེས་གཉིས་ཀྱིས་བོད་དོན་ཆེད་རང་ལུས་མེར་བསྲེགས་ཏེ། སྐུ་གྲོངས་ཡོད་པ་ལས། གཞན་ཞིག་གི་ཆེད་དུ་སྲོག་ཤོར་བ་མིན་པ་གསལ་པོ་མཁྱེན་དགོས། དེ་བཞིན་དྲིལ་བསྒྲགས་ལས་ཁུངས་ནས་བོད་མིའི་རང་ལུས་མེར་སྲེག་གཏོང་མཁན་གྱི་གནས་ཚུལ་སྐོར་ལ་ཟེར་སྡེར་ཞིག་བཟོས་འདུག་ཀྱང་། བཙན་བྱོལ་ནང་རང་སྲེག་མཁན་ཚོ་བོད་པ་མ་ཡིན་པ་ལྟ་བུ་བྱས་ཏེ་དེའི་ནང་དུ་ཡང་བཅུག་མི་འདུག རྒྱལ་སྤྱིའི་ཐོག་ནས་བོད་དོན་གླེང་སློང་ཅུང་ཡོང་བ་དང། དྷ་སའི་གངས་ཅན་སྐྱིད་གཤོངས་སུ་དོ་སྣང་ཅུང་སྤྲད་པ་དེར་གཞུང་འབྲེལ་གཅིག་པུ་མ་ཡིན་པར། མི་མང་གི་ལས་འགུལ་གྱིས་ཀྱང་ཕན་ཐོགས་ངེས་ཅན་བྱུང་ཡོད།

ཚོགས་ཆེན་དེ་༢༠༠༨ ལོ་དང་བསྡུར་ན་ཧ་ཅང་ནུས་མེད་ཅིག་རེད་འདུག ཚོགས་ཐོག་ཏུ་འཛུལ་ཞུགས་པ་ཡང་སྔོན་དང་བསྡུར་ན་སྐྱོ་པོ་རེད་འདུག་ལ། བརྗོད་གཞི་ཡང་སྔོན་དང་བསྡུར་ན་གུ་དོགས་པ་དང་། སྐད་ཆ་ཡང་སྔར་བཞིན་འཁྲུག་ཆ་དོད་པོ་མེད་པ། མཐའ་མའི་ཐག་གཅོད་ཀྱང། གཞུང་གི་སྲིད་ཇུས་ཐོག་ཤར་བསྐྱོད་དང། གཞུང་ངོས་ནས་གང་གནང་ན་དེར་རྒྱབ་སྐྱོར་ཡོད་སྐོར་ཙམ་ལས། སྲིད་ཇུས་འགྲིག་མིན་དང་། ལས་ཀ་བྱེད་ཕྱོགས་འགྲིག་མིན་གྱི་སྐོར་གང་ཡང་མེད་པ་མ་ཟད། བོད་ནང་གི་ཛ་དྲག་ཆེད་དུ་དེ་དང་འདི་བྱེད་དགོས་ཞེས་རྒྱ་ལ་ཁ་གཏད་གཅོག་ཐབས་ལྟ་བུའི་བསམ་ཚུལ་དམིགས་བསལ་གང་ཡང་མེད་པ་རེད།

༢༠༠༨ ལོའི་གྲོས་ཆོད་ཁག་ཅིག་ལ་བསྐྱར་ཞིབ་ཅིག་དགོས་ངེས་ཡིན་ཡང། ཟུར་ཙམ་གླེང་མི་འདུག ༢༠༠༨ ལོར་དམིགས་སུ་བཀར་ནས་ཚོགས་བཅར་བ་ཚོས་ས་གནས་གང་སར་མི་མང་ཁྲོད་བསམ་ཚུལ་བསྡུ་ལེན་བྱས་ཏེ། ཚོགས་ཐོག་ཏུ་ཡང་ཕྱོགས་གང་ཐད་ནས་བསམ་ཚུལ་ལྷུག་པོ་བྱུང་ཡོད་པ་རེད། ད་ཐེངས་ཀྱི་ཚོགས་ཆེན་སྔ་གཞུག་ཏུ་བལྟས་ན་ཧ་ཅང་གུ་དོགས་པོ་ལྟ་བུ་ལས། སྔར་ལྟར་སྤོབས་པའི་ཐོག་ནས་ཚོགས་ཞུགས་པ་སླེབས་མཁན་དང་། གཏམ་བཤད་བྱེད་མཁན། བསམ་ཚུལ་བསྡུ་ལེན་བྱེད་མཁན་སོགས་གང་ཡང་བྱུང་མེད་པར། ཚོགས་ཞུགས་པ་ཚོ་ཁུ་སིམ་པོར་འཛོམས་པ་རེད།

ཚོགས་ཆེན་གྱི་ཉིན་མཐའ་མའི་མཇུག་བསྡོམས་སྐབས་དང་། ཕྱི་ཟླ་༩ ཚེས་༢༩ ཉིན་གྱི་ལས་འགུལ་སྐབས། སྲིད་སྐྱོང་བློ་བཟང་སེང་གེ་དང་། ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་ཀྱིས་༧གོང་ས་མཆོག་བོད་རང་བཙན་བཤད་ནས་ཐུགས་ཕམ་བྱུང་བ་མིན་སྐོར་དང་། དབུ་མའི་ལམ་གྱི་སྲིད་ཇུས་དང། རང་བཙན་བར་གྱི་དོན་དག་གང་ཡང་མིན་སྐོར་སོགས་ཚོགས་བཅར་བར་གསལ་བཤད་གནང་བ་དང་། དེ་མ་ཐག་ཚོགས་བཅར་ཚང་མས་ད་འགྲིག་སོང་ཞེས་དབུགས་རིང་པོ་ཞིག་གཏོང་ཐུབ་ཡོད་ལ། མགོ་ཡར་བཀྱག་ཏེ་བསམ་བློ་ཞིག་གཏོང་དུས། དམིགས་བསལ་ཚོགས་ཆེན་གྲོལ་ཟིན་པ་རེད།

ཚོགས་ཆེན་སྔོན་ནས་བཀའ་སྤྱི་གཉིས་ཀྱིས་མང་ཚོགས་ཁྲོད་གསལ་བཤད་མ་གནང་བའི་རྒྱུ་མཚན་དེ་འདྲི་རྟགས་ཤིག་རེད་ལ། ཅིག་བྱས་ན་དབུ་མའི་ལམ་གྱི་སྲིད་ཇུས་ལ་དོ་ཕོགས་མི་ཡོང་ཆེད་དུ་ཡང་ཡིན་སྲིད་པ་རེད། དེ་དང་མཉམ་དུ་ཚོགས་ཆེན་སྔོན་ལ་གསལ་བཤད་མ་གནང་བ་དེས་བཀའ་དགོངས་ཁ་ལ་ཁྱེར་ཏེ། ཧོལ་རྒྱུག་བྱེད་མཁན་ཁག་ཅིག་གི་གདོང་པ་ཡང་ས་ལ་ཐེངས་གཅིག་བརྡབ་པ་རེད། བཀའ་སྤྱི་གཉིས་ཀྱིས་གསལ་བཤད་རྗེས་སུ་དོགས་པ་བྱེད་དགོས་ས་སུ་ཡིན་དང་། ཡིད་ཆེས་བྱེད་དགོས་ས་སུ་ཡིན་མི་མང་ནང་གསལ་པོ་ཆགས་པ་རེད།།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༠༦  ཕྱི་ལོ་ ༢༠༡༢/༡༠/༣ པའི་ཐོག་བཀོད།