དམིགས་བསལ་ཚོགས་ཆེན་ལ་བཅར་མཁན་ཁག་ཅིག་གི་བསམ་ཚུལ།
དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་ཐོག་བཅར་བའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་སྐུ་ཚབ་ཁག་ཅིག་ལ་ཐེངས་འདིའི་དམིགས་བསལ་ཚོགས་ཆེན་ག་འདྲ་བྱུང་ཡོད་མེད་དང་། ས་གནས་མི་མང་གི་གནས་སྟངས་ལ་བཅར་འདྲི་བྱས་པ་ཡིན།
ཉི་ཧོང་བོད་རིགས་ཚོགས་པའི་སྐུ་ཚབ་བློ་བཟང་ཡེ་ཤེས་ལ། ཁྱེད་རང་གི་དམིགས་ཡུལ་བཞིན་དམིགས་བསལ་ཚོགས་ཆེན་དེ་གྲུབ་འབྲས་ཡག་པོ་བྱུང་སོང་ངམ་ཞེས་དྲིས་པར། ཁོང་གིས། ”ཚང་མས་བཤད་སྟངས་མི་འདྲ་བ་རེད་མ་གཏོགས་དོན་དག་གཅིག་རེད་འདུག ང་ཚོའི་ངོས་ནས་བཤད་དགོས་པ་ཚང་མ་བཤད་རྒྱུའི་གོ་སྐབས་རག་སོང་། རྩ་བས་ཁ་སང་ང་ཚུར་མ་ཡོང་བའི་སྔོན་ལ་ང་ཚོས་ཚོགས་འདུ་འཚོགས་ནས་བསམ་ཚུལ་བསྡུ་ལེན་བྱས་པ་ཡིན། སྐབས་དེར་མི་མང་ཆེ་བས་ལས་འགུལ་ཆེ་ཆུང་ལ་མ་ལྟོས་པར་སྤེལ་དགོས་རེད་ཅེས་བཤད་ཀྱི་འདུག་”ཅེས་བརྗོད་སོང་།
ཡང་ཁོང་ལ་ཉི་ཧོང་གི་ཁྱེད་རང་སྡོད་གནས་ཀྱི་བོད་མིའི་འཚོ་བའི་གནས་སྟངས་ག་འདྲ་ཡིན་མིན་དྲིས་པར། “ང་ཚོའི་མིང་ཐོ་གཞིར་བཞག་བྱས་པ་ཡིན་ན་བོད་རིགས་༧༠ ཙམ་ཡོད་རེད། རྩ་བས་ཉི་ཧོང་་རྒྱལ་ཁབ་དེ་རྒྱལ་ཁབ་སྟོབས་ཆེན་པོ་རེད། མི་མང་ཚོ་སོ་སོའི་རྒྱལ་ཁབ་ལ་ཤ་ཞེན་ཡོད་མཁན་རེད། དེར་བརྟེན། རྒྱ་གར་དང་བལ་ཡུལ་ནས་ཡོང་མཁན་གྱི་བོད་མི་ཚོས། ལས་ཀ་བྱེད་རྒྱུར་དཀའ་ངལ་ཡོད་པ་མ་རེད། ཡིན་ན་ཡང་སྐད་ཡིག་ཐོག་དཀའ་ངལ་འཕྲད་ཀྱི་ཡོད་རེད། དབྱིན་ཡིག་བེད་སྤྱོད་ཡོད་པ་མ་རེད། རབ་ཏུ་བྱུང་ན་རྒྱ་ཡིག་ཤེས་དགོས་ཀྱི་ཡོད་པ་རེད། དེ་མ་ཤེས་ན་ལས་ཀ་ཆུང་ཆུང་ཞིག་མ་གཏོགས་ཆེན་པོ་དཀའ་ལས་ཁག་པོ་རེད། ཡིན་ན་ཡང་། ང་ཚོ་བོད་མི་རིགས་དེ་ལས་ཀ་ག་རེ་ཡིན་ན་ཡང་བྱེད་མཁན་ཞིག་རེད། དེར་བརྟེན། ཉི་ཧོང་དུ་ཡོད་མཁན་གྱི་བོད་མི་ཚོ་ཡིན་ན་ཡང་ལས་ཀ་ཡག་ཐག་ཆོད་བྱེད་ཀྱི་ཡོད་རེད་”ཅེས་བརྗོད་སོང་།
ཀོ་རི་ཡ་བོད་རིགས་ཚོགས་པའི་སྐུ་ཚབ་ངག་དབང་ལ། དམིགས་བསལ་ཚོགས་ཆེན་གྲུབ་འབྲས་དང་ལྡན་པ་བྱུང་སོང་ངམ་ཞེས་དྲིས་པར། “ང་རང་གི་བསམ་ཚུལ་བྱས་ན་དམིགས་བསལ་ཚོགས་ཆེན་དེ་དཔེ་ཡག་པོ་བྱུང་སོང་། ང་ཚོའི་ཚོགས་ཆུང་ནང་ཡིན་ན་ཡང་༧གོང་ས་མཆོག་གི་དགོངས་དོན་ལྟར་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་དགོས་པའི་བསམ་ཚུལ་མང་པོ་འདུག ཁ་སང་ང་ཚུར་མ་ཡོང་སྔོན་ང་ཚོ་ཕན་ཚུན་ལ་སྐད་ཆ་བཤད་དུས། གཙོ་བོ་དེ་༧གོང་ས་མཆོག་གི་དགོངས་གཞིའི་འོག་འགྲོ་དགོས་པ་གལ་ཆེན་པོ་རེད་ཅེས་བཤད་ཀྱི་འདུག གང་ཡིན་ཟེར་ན། ༧གོང་ས་མཆོག་གི་དགོངས་དོན་ལྟར་རང་སྐྱོང་འཐབ་རྩོད་བྱས་པ་ཡིན་ན། འཛམ་གླིང་ཐོག་ནས་རྒྱབ་སྐྱོར་རག་གི་ཡོད་པ་ནང་བཞིན། རང་བཙན་འཐབ་རྩོད་བྱས་པ་ཡིན་ན་རྒྱབ་སྐྱོར་རག་གི་མ་རེད་”ཅེས་བརྗོད་སོང་།
ཡང་ཁོང་ལ་ས་གནས་མི་མང་གིས་བོད་དོན་ལས་འགུལ་སྤེལ་ཕྱོགས་སྐོར་དྲིས་པར། ཁོང་གིས། “ཀོ་རི་ཡར་བོད་རིགས་བཅོ་ལྔ་ཤི་ཤུ་ཞིག་ཡོད་པ་རེད། དེ་ཚོའི་ནང་ལས་འགུལ་སྤེལ་མཁན་མང་པོ་རེད། སློབ་སྦྱོང་བྱེད་མཁན། ཆོས་ཚོགས་ནང་ཡོད་པ་དེ་འདྲ་ཡོད་རེད་”ཅེས་བརྗོད་སོང་།
ཧོ་ལེན་ཌི་བོད་རིགས་ཚོགས་པའི་སྐུ་ཚབ་བཀྲ་ཤིས་ཀྱིས། “ང་ཚོས་ཐེངས་ཁ་ཤས་ཤིག་ལ་དམིགས་བསལ་ཚོགས་ཆེན་ཐོག་བསམ་ཚུལ་བསྡུ་ལེན་བྱས་པ་ཡིན། སྐབས་དེར་ང་ཚོས་དོན་ཚན་གསུམ་ཕྱོགས་བསྡོམས་བྱས་ཡོད། དམིགས་བསལ་ཚོགས་ཆེན་སྟེང་དེ་ཚོའི་སྟེང་བགྲོ་གླེང་ཡག་པོ་བྱུང་སོང་། དམིགས་བསལ་ཆོགས་ཆེན་དེ་གང་འཚམ་གྱིས་ཡག་པོ་བྱུང་སོང་བསམ་གྱི་ཡོད་”ཅེས་བརྗོད་སོང་། ཡང་ཁོང་ལ་ས་གནས་མི་མང་གིས་བོད་དོན་ལས་འགུལ་སྤེལ་ཕྱོགས་སྐོར་དྲིས་པར། ཧོ་ལེན་ཌིར་བོད་རིགས་༦༠ མ་ཟིན་ཙམ་ཡོད་པ་རེད། ཟླ་རེའི་གཟའ་ཉིན་མ་དང་པོ་ནམ་ཡིན་ལ་མ་ཎི་གསོག་སྒྲུབ་དང་། བོད་ནང་ལ་ཛ་དྲག་གི་གནས་སྟངས་ག་རེ་བྱུང་བ་ཡིན་ན་ཡང་། མཆོད་འབུལ་གྱིས་གཙོས་ལས་འགུལ་སྤེལ་གྱི་ཡོད། དེ་ནང་བཞིན་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་བསྟུན་ཏེ། ༢༠༡༣ ལོའི་སུམ་བཅུའི་དུས་དྲན་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་འཆར་ཡོད་”ཅེས་བརྗོད་སོང་།
མཐར་ཁོང་སྡོད་གནས་ཀྱི་བོད་མི་ཚོའི་འཚོ་བའི་གནས་སྟངས་སྐོར་དྲིས་པར། “འདིར་ཡོད་པའི་བོད་རིགས་མི་མང་བརྒྱ་ཆ་ལྔ་བཅུ་ཙམ་ལ་ཧོན་ལེན་ཌི་གཞུང་གིས་ཟླ་ཕོགས་སྤྲད་ཀྱི་ཡོད་པ་རེད་ལ། ལོ་ཆེ་ཆུང་མེད་པར་སློབ་གྲྭར་གཏོང་གི་ཡོད་པ་རེད། བརྒྱ་ཆ་༢༥ ཙམ་གྱིས་ལས་ཀ་བྱེད་ཀྱི་ཡོད་རེད། ང་ཚོ་ལ་དཀའ་ངལ་ཆེ་ཤོས་དེ་ང་རང་ཚོའི་དཔྱ་ཁྲལ་ལག་དེབ་ཀྱི་དངུལ་སྤྲད་ཐུབ་ཀྱི་མེད་པ་དེ་རེད། ཁ་ཤས་གསར་དུ་བཟོ་དགོས་མཁན་དང་ཁ་ཤས་ཀྱིས་མིང་བརྗེ་པོ་རྒྱག་དགོས་མཁན་མང་པོ་ཡོད་རེད། གནས་ཚུལ་དེ་ཚོ་གཞུང་ལ་ཐེངས་ཁ་ཤས་ཤིག་ཞུས་ཡོད། ཡིན་ན་ཡང་། ལན་གསལ་པོ་ཞིག་རག་མ་སོང་། གནས་སྟངས་དེ་འདྲ་ཞིག་གི་འོག་ནས་དཔྱ་ཁྲལ་སྤྲད་རྒྱུའི་གོ་སྐབས་མ་རག་པ་རེད་མ་གཏོགས། མི་མང་ཚོར་སྤྲད་རྒྱུའི་འདུན་པ་མེད་པ་མ་རེད་”ཅེས་བརྗོད་སོང་།
ཨ་རི་ནས་ཕེབས་པའི་པདྨ་ཆོས་འཛོམས་ཚང་ལ། དམིགས་བསལ་ཆེན་ག་འདྲ་བྱུང་སོང་ཞེས་དྲིས་པར། “དམིགས་བསལ་ཚོགས་ཆེན་དེ་ཡག་པོ་འདུག ང་ཚོ་གསར་པ་ཡོང་མཁན་ཚོར་སློབ་སྟོན་ཡག་པོ་རག་སོང་ལ། ཡང་མང་གཙོ་ཡིན་དུས་སྐད་ཆ་ཚང་མ་བཤད་རྒྱུའི་གོ་སྐབས་རག་སོང་། གྲོས་བསྡུར་ཡག་པོ་ཞེ་དྲག་བྱུང་སོང་”ཞེས་བརྗོད་སོང་།
ཡང་ཁོང་ལ་ས་གནས་མི་མང་གི་གནས་སྟངས་སྐོར་དྲིས་པར། ང་ཚོ་ཨ་རིར་ཡོད་པའི་གཞོན་སྐྱེས་ཚོ་ཡག་པོ་ཡོད། སེམས་ཤུགས་ཆེན་པོ་རེད། རྩ་བས་གཞོན་སྐྱེས་ཚོ་རིག་གཞུང་ལ་དོ་སྣང་ཡོད་མཁན་རེད། ཡིན་ན་ལོ་༡༥ འོག་ལ་ཡོད་མཁན་དེའི་རིགས་ཀྱིས་བོད་ཀྱི་སྐད་དང་རིག་གཞུང་སྦྱང་སའི་གོ་སྐབས་མེད་པས། མ་འོངས་པར་བོད་ཀྱི་རིག་གཞུང་ཉམས་རྒྱུའི་ཉེན་ཁ་འདུག ངས་ཐེངས་ཁ་ཤས་ཤིག་ཞུས་པ་ཡིན། མ་འོངས་པར་གཞུང་གི་ངོས་ནས་གཞུང་དང་མི་མང་གཉིས་ཀྱིོ་བར་ཐག་ཉེ་པོ་བཟོ་དགོས་ཀྱི་འདུག དེར་བརྟེན། བཀའ་ཤག་གི་ངོས་ནས་མ་འོངས་པར་ཕྱི་རྒྱལ་ཁག་གི་གཞོན་སྐྱེས་ཚོར་བོད་ཀྱི་རིག་གཞུང་སྦྱང་སའི་གོ་སྐབས་སྤྲད་དགོས་པ་གལ་ཆེན་པོ་རེད། བོད་པ་ཡིན་པའི་རྟགས་དེ་ངོ་རིས་གཅིག་པུ་མ་ཡིན་པ་བཟོས་དགོས་རེད། དེ་བཞིན་དཔྱ་ཁྲལ་ལག་དེབ་དེའི་སྒང་ལ་ཏོག་ཙམ་བསམ་བློ་གཏོང་དགོས་ཀྱི་འདུག དངུལ་སྤྲད་མཁན་ཡོད་དུས་ཏོག་ཙམ་གུ་ཡངས་བྱེད་དགོས་ཀྱི་འདུག དེའི་སྒང་ལ་ལས་ཀ་བྱེད་ཕྱོགས་ལ་དཀའ་ངལ་འདུག་”ཅེས་བརྗོད་སོང་།
སིད་སུ་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཐུབ་བསྟན་དཔའ་བོར། དམིགས་བསལ་ཚོགས་ཆེན་དེ་ག་འདྲ་བྱུང་སོང་ཞེས་དྲིས་པར། “དམིགས་བསལ་ཚོགས་ཆེན་འདི་ཡག་པོ་འདུག རང་གཞན་ཚང་མས་བསམ་ཚུལ་གང་ཡོད་ཚང་མ་བཤད་རྒྱུའི་གོ་སྐབས་འདུག ང་རང་གིས་དམིགས་བསལ་ཚོགས་ཆེན་འདིས་ཕན་ཐོགས་ཆེན་པོ་ཡོང་ས་རེད་བསམ་གྱི་ཡོད་ཅེས་བརྗོད་སོང་། ཡང་ཁོང་ལ་ས་གནས་མི་མང་གི་ལས་འགུལ་སྤེལ་སྟངས་སྐོར་དྲིས་པར། “དེ་ཚོ་དཔེ་ཚགས་ཚུད་པོ་ཡོད་རེད། ས་གནས་ཀྱི་གྲོས་ཚོགས་ཡོད་ས་ཡོ་རོབ་ནང་ལ་སིད་སུ་མ་གཏོགས་ཡོད་མ་རེད། དེར་བརྟེན། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སུས་ལས་འགུལ་ག་རེ་སྤེལ་བ་ཡིན་ན་ཡང་མི་མང་ཚང་མས་མཉམ་ཞུགས་བྱེད་ཀྱི་ཡོད་རེད། མཐར་ངས་བཤད་འདོད་པ་དེ་རྒྱ་གཞུང་གི་ངོས་ནས་༧གོང་ས་མཆོག་ཞལ་མ་བཞུགས་པ་ཡིན་ན། བོད་གཞུང་དེ་གཏོར་རྩིས་ཀྱི་བསམ་བློ་གཏོང་གི་ཡོད་རེད། དེར་བརྟེན། ང་ཚོ་བོད་མི་ཚང་མས་གཞུང་ལ་རྒྱབ་སྐྱོར་གྱིས་རྡོག་རྩ་ཆིག་སྒྲིལ་བྱེད་དགོས་པ་གལ་ཆེན་པོ་རེད་”ཅེས་བརྗོད་སོང་།