མེ་ལ་འཚིག་བཞིན་པའི་ཆིག་སྒྲིལ།

དགྲ་བོ་རྒྱ་ནག་གིས་གཉའ་གནོན་དང་བཤུ་གཞོག མཐོང་ཆུང་བཅས་ལ་བཟོད་བསྲན་ཇི་ཙམ་བྱས་ཀྱང་། མཐར་རང་ཉིད་ཀྱི་ཚེ་སྲོག་ཤོར་བའི་དུས་ཤིག་ཤར་དུས།

ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་སྒྲོལ་མའི་རྣམ་སྤྲུལ་བྲག་སྲུན་མོ་གཉིས་ནས་མཆེད་པའི། གངས་ཅན་བོད་ཀྱི་ཕུ་ནུ་མིང་སྲིང་ཚོ་དྲག་ཆར་དང་རླུང་འཚུབ་བརྒལ་ནས། བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་མགོ་ལྷ་སྤྱན་རས་གཟིགས་ལ་གཏད་ནས་སླེབས་བ་ཤ་སྟག་རེད།
འོན་ཀྱང་ཡིད་ཕངས་པའི་གནད་དོན་ཞིག་ལ་བོད་ཀྱི་རླུང་འཕྲིན་ལས་ཁུངས་འགའ་དང་གཞན་ཡང་ལས་ཁུངས་ཁག་ནས་དབུས་སྐད་མ་ཤེས་ན་ལས་ཀ་གནང་གི་མེད།
ཁོང་ཚོར་རྒྱུ་མཚན་ཞིག་བཤད་རྒྱུ་ཡོད་པ་ནི་གཞན་ལ་གོ་བརྡ་སྤྲོད་ཐུབ་པ་དང་གསལ་པོ་མཁྱེན་པའི་
ཆེད་དུ་ཡིན་ཟེར། དེ་ཡིན་ན་དབུས་སྐད་བེད་སྤྱོད་མི་བྱེད་པའི་ས་གནས་ཁག་གི་བོད་རིགས་རྒྱ་ཆེའི་མི་མང་ལ་གོ་བརྡ་སྤྲོད་དགོས་ཀྱི་མ་རེད་དམ། ཁོ་ཚོ་ལ་བོད་ཀྱི་རྩ་དོན་ངོ་སྤྲོད་བྱེད་དགོས་ཀྱི་མ་རེད་དམ།
ཁོ་ཚོ་བོད་མི་ལ་ངོས་འཛིན་བྱེད་ཀྱི་ཡོད་ན། ངེས་པར་དུ་ཁོ་ཚོ་ལ་ཡང་གཞན་ལ་སྤྲོད་པ་ལྟ་བུའི་གོ་བརྡ་དང་ལས་ཀ་སྤྲོད་དགོས་པ་ནི་བརྗོད་དུ་མེད་པ་ཞིག་རེད། ང་ཚོས་རྟག་ཏུ་སྐད་ཆ་ཞིག་བཤད་ཀྱི་ཡོད་པ་ནི་བོད་མི་གཅིག་དང་འབོད་སྒྲ་གཅིག་ཟེར་བ་དེ་རེད།
དཀའ་སྡུག་གང་ཞིག་འཕྲད་ཀྱང་གཅིག་ཡིན་ལུགས་བཤད་ཀྱི་ཡོད་མོད། དོན་དངོས་སུ་མཐོང་ཆུང་དང་གཉའ་གནོན་ཀྱི་སྤྱི་ཚོགས་ཤིག་རེད་འདུག་སྙམ།
མཇུག་ཏུ་ང་ལ་རེ་སྐུལ་ཞིག་ཞུ་རྒྱུ་ཡོད་པ་ནི་དངོས་ནས་བོད་རྒྱལ་ཁབ་དང་མི་རིགས་ལ་དགའ་ཞེན་ཡོད་པའི་གང་ཟག་ཅིག་ཡིན་ན་ལས་ཀ་དེའི་རིགས་བྱས་ན་གཏན་ནས་མི་འགྲིག དེས་མི་རིགས་གི་མཐུན་སྒྲིལ་དང་ཡར་རྒྱས་ལ་མཐོང་རྒྱུ་མེད་པའི་གནོད་སྐྱོན་ཚབས་ཆེན་ཕོག་གི་རེད། དེ་ཡང་རྒྱང་རིང་པོེར་བལྟ་མི་དགོས་པར་ང་རང་ཚོའི་ལོ་རྒྱུས་ཀྱིས་ང་ཚོ་ལ་ར་སྤྲོད་གསལ་པོ་བྱེད་ཀྱི་རེད།
ཁ་བའི་བུ་བློ་བཟང་ཐུབ་བསྟན་གྱིས་། དྷ་རམ་ས་ནས།