དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་འདུན་འཁོར་བ།

beton_2012_10_8དེ་རིང་ཞོགས་པར་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་འདུན་འཁོར་བའི་ཉིན་མོ་སྲུང་བརྩིའི་མཛད་སྒོའི་སྟེང་།  སློབ་གྲྭའི་བྱེད་སྒོ་མང་ཆེ་བ་ཞིག་སློབ་མའི་བཀའ་ཤག་གི་ངོས་ནས་གནང་གི་ཡོད་ཅེས་ དཔེ་སྟོན་སློབ་གྲྭའི་སློབ་སྤྱི་བསྟན་འཛིན་རྡོ་རྗེས་བརྗོད་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༩ ཉིན་གྱི་སྔ་དྲོའི་ཆུ་ཚོད་༩། ༣༠ ཀྱི་སྟེང་། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་འདུན་འཁོར་བའི་ཉིན་མོ་སྲུང་བརྩིའི་མཛད་སྒོ་ཞིག དྷ་ས་གངས་སྐྱིད་དཔེ་སྟོན་སློབ་གྲྭའི་ནང་འཚོགས་ཡོད་པ་དང་། མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་གི་དབུས། འབྲེལ་ཡོད་སྤྱི་འཐུས་རྣམ་པ་དང་། གཞན་ཡང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ཕྲུ་གུ་ཚོའི་ཕ་མ་བཅས་མཉམ་འཛོམས་བྱས་འདུག

མཛད་སྒོའི་ཐོག་མར་ཚོགས་བཅར་བ་ཚང་མ་སྐུ་བཞེངས་ཐོག་གང་བློ་མ་བསྐྱོར་རྗེས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་སོང་ལ། དེ་བཞིན་བོད་རིགས་དང་རྒྱལ་ཁབ་ཀྱི་ཆེད་རང་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར། མྱ་ངན་གུས་འདུད་ཆེད་ངག་བཅད་སྐར་གཅིག་བྱས་ཏེ་མཛད་སྒོ་དངོས་སུ་དབུ་འཛུགས་བྱས་སོང་།

beton1_2012_10_8དེ་ནས་དཔེ་སྟོན་སློབ་གྲྭའི་སློབ་མ་ཚོས་དྲན་གསོའི་ངག་གི་སྙེ་མ་ཞེས་པའི་མཉམ་གཞས་བཏང་མཚམས། དཔེ་སྟོན་སློབ་གྲྭའི་སློབ་སྤྱི་བསྟན་འཛིན་རྡོ་རྗེ་ནས་དགའ་བསུའི་གསུང་བཤད་གནང་སྐབས། “དེ་རིང་གི་མཛད་སྒོ་དེ་ཁྱད་པར་བ་ཞིག་ཆགས་ཀྱི་ཡོད། གང་ཡིན་ཟེར་ན། གཅིག་ནས་ལོ་སྔོན་མར་དུས་དྲན་སྲུང་བརྩི་ཞུ་རྒྱུ་བྱུང་ཡོད་མ་རེད། གཉིས་ནས་དེ་རིང་གི་མཛད་སྒོའི་ལས་རིམ་གཙོས་ནམ་རྒྱུན་གྱི་སློབ་གྲྭའི་བྱེད་སྒོ་མང་ཆེ་བ་ཞིག་སློབ་མའི་བཀའ་ཤག་གི་ངོས་ནས་གནང་གི་ཡོད་རེད། དེ་ནང་བཞིན་ད་ལྟའི་བར་སློབ་གྲྭའི་བྱེད་སྒོའི་ལས་སྡོམ་ཆ་ཚང་ཞིག་སློབ་མའི་བཀའ་ཤག་གི་ངོས་ནས་སྐྱོར་གནང་གི་རེད”ཅེས་དང་། དེ་རིང་འདིར་ཕྲུ་གུ་ཚོའི་ཕ་མ་མང་པོ་ཞིག་འཛོམས་ཡོད་པ་དེས། ང་རང་ཚོའི་ཤེས་ཡོན་སྲིད་ཇུས་ལ་རྒྱབ་སྐྱོར་ཡོད་པ་མཚོན་གྱི་ཡོད་སྐོར་སོགས་བརྗོད་སོང་།

དེ་རྗེས་སློབ་མའི་བཀའ་ཤག་གི་བཀའ་ཁྲི་ཕུར་བུ་སྒྲོལ་མས་སློབ་གྲྭའི་ལས་བསྡོམས་སྙན་སྒྲོན་གནང་སྐབས། ཞོགས་པ་ཡར་ལངས་པ་ནས་ཉིན་གཅིག་གི་རིང་སློབ་མ་ཚོས་སློབ་སྦྱོང་བྱེད་ཕྱོགས་དང་། དགེ་རྒན་ཚོའི་ངོས་ནས་ཡིན་ན་ཡང་ཤེས་ཡོན་སྲིད་ཇུས་ཀྱི་དམིགས་ཡུལ་གཙོ་བོ་གཞིར་བཟུང་གིས་སློབ་ཁྲིད་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་སོང་།

beton2_2012_10_8མཐར་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་གིས་གསུང་བཤད་གནང་སྐབས། དེ་རིང་འདིར་སློབ་ཕྲུག་ཚོའི་མཛད་སྒོ་ལ་བཅར་བའི་ཚོར་སྣང་དེ། བོད་ཀྱི་རིག་གནས་ཀྱི་ཚོགས་འདུ་ཆེན་པོ་ཞིག་གི་ཐོག་བཅར་ཡོད་པའི་ཚོར་སྣང་བྱུང་སྐོར་དང་། སློབ་ཕྲུག་ཚོས་སྙན་ངག་གྱེར་འདོན་དང་རྩོམ་ཡིག་འབྲི་ཐབས་སོགས་ཧ་ཅང་ཚད་ལྡན་མཐོང་སོང་སྐོར། མ་འོངས་པ་ཡིན་ན་ཡང་ཕ་མ་དང་དགེ་རྒན་ཚོས་འགན་ཁུར་ཏེ་སྤྱི་ཚོགས་ནང་ཕྲུ་གུ་ཚོར་སློབ་སྦྱོང་སྤྲོད་དགོས་སྐོར་སོགས་བརྗོད་སོང་།

མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ནི་༢༠༠༥ ཟླ་༡༠ ཚེས་༡༠ ཉིན་སྐབས་དེའི་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེས་དབུ་འབྱེད་གནང་སྟེ། སྐབས་དེར་སློབ་ཕྲུག་༦༠ ཙམ་ནས་འགོ་བཙུགས་ཡོད་ནའང། ད་ལྟའི་ཆར་ཁྱོན་བསྡོམས་སློབ་མ་༣༠༠ ཙམ་དང་། དགེ་རྒན་༥༠ ལྷག་ཡོད་པ་རེད་འདུག

དེ་བཞིན་སློབ་གྲྭ་འདིས་སློབ་མའི་བཀའ་ཤག་ཅེས་པའི་སློབ་ཕྲུག་ཚོའི་སློབ་སྦྱོང་དང་། ཀུན་སྤྱོད་སོགས་ལ་ལྟ་སྐྱོང་བྱེད་མཁན་གྱི་ཚོགས་པ་ཞིག་ལོ་འདིིའི་ནང་གསར་དུ་བཙུགས་ཡོད་འདུག་ལ། དེར་བཀའ་བློན་༧ དང་དྲུང་ཆེ་༤ ཡོད་པ་རེད་འདུག